བློ་བཟང་སྐལ་བཟང་དང་དམ་ཆོས་གཉིས་ཀྱིས་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༨།༣༠ ཙམ་ལ། བོད་མདོ་སྨད་རྔ་པ་རྫོང་མཁར་དུ་ཡོད་པའི་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ་ནས། རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་རང་ལོ་ ༡༨ ཡིན་པ་ཁོང་དང་། རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་བུ་༼མི་སྐྱ་༽དམ་ཆོས་རང་ལོ་ ༡༧ ཡིན་པ་ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག རང་ལུས་མེར་སྲེག་གནང་སྐབས་མི་ཚོས་ཐག་རིང་ཙམ་ནས་མཐོང་འདུག་པ་དང་། དེ་ཡང་ཁོང་གཉིས་གོམ་པ་ ༢༠ ཙམ་ལ་མེ་འབར་བཞིན་དུ་རྒྱུག་ཡོད་པ་དང་མཐར་ས་ལ་འགྱེལ་ཡོད་འདུག མེ་ལྕེའི་དབུས་ནས་ཀི་སྒྲ་ཙམ་ལས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མེད་པ་དང་། དེ་རྗེས་ཉེན་རྟོག་པ་སོགས་སླེབས་ཏེ་ལུས་ཀྱི་མེ་བསད་ནས་རྔ་པའི་སྨན་ཁང་དུ་ཅུང་ཙམ་རིང་བཞག་རྗེས་འབར་ཁམས་ལ་ཁྲིད་ཡོད་འདུག ཉིན་དེའི་དགོང་མོ་ཤེས་རྟོགས་བྱུང་བ་ནི། ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་པ་དང་ཁོང་གཉིས་ཀྱི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་ཅིང་། ད་དུང་ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་དང་། གནས་ཚུལ་དེ་བྱུང་རྗེས་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱི་ཤག་གཅིག་པ། གྲྭ་བློ་བཟང་དཔལ་ལྡན་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
བློ་བཟང་སྐལ་བཟང་གི་ཕ་མིང་ལ་ཚེ་ཁོ་རྡོ་རྗེ་དང་། མ་མིང་ལ་སངས་རྒྱས་སྒྲོན། སྤུན་ཆེ་བ་ཚེ་ཁོ་བཀྲ་ཤིས་བཅས་ནང་མི་གསུམ་ཡོད་འདུག གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་དམ་ཆོས་ཀྱི་ཕ་མིང་ལ་མདོ་ཤིས་བློ་བྷེ་དང་། མ་མིང་ལ་ཚེ་པོ་ཡིན་ཞིང་ཕ་མ་གཉིས་ཁ་ཁ་བྱས་ཏེ་ཁོང་ཨ་མ་དང་མཉམ་དུ་ཡོད་ཅིང་། ཤུལ་དུ་ཨ་མ་གཅིག་པུ་ལས་ནང་མི་གཞན་མེད། ཁོང་ནི་གྲྭ་བློ་བཟང་སྐལ་བཟང་གི་ཚ་བོ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་རྔ་པའི་མ་མའི་བཙུན་དགོན་ནས་རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱི་ཕ་མ་གཅིག་པའི་སྤུན་ཆུང་བ་ཡིན་ཞིང་། བསྟན་འཛིན་ཆོས་སྒྲོན་ཨ་ཕའི་ཁྱིམ་དུ་ཡོད་སྟབས་མིང་སྲིང་གཉིས་ཁྱིམ་ཁ་ཁ་བྱས་ནས་ཡོད། ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་རྗེས་སུ་སྐྱ་སར་བབ་ནས་ཨ་མ་དང་མཉམ་དུ་འབྲོག་ལས་བྱས་ནས་བསྡད་ཡོད་འདུག འབྲོག་སྡེ་རྭ་རུ་བ་ནི་རྔ་པ་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་ལ། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་རྨེའུ་རུ་གཤོག་ཀ་བདུན་གྱི་ནང་ཚན་གྱི་གཤོག་ཀ་གཅིག་ཡིན་མོད། རྗེ་སུ་རྒྱ་གཞུང་གིས་བཅད་བཟུང་བྱས་རྗེས་གཅའ་ཞང་ཟེར་བའི་ཁོངས་སུ་བསྡུས་ཡོད་པའི་འབྲོག་སྡེ་ཞིག་ཡིན་འདུག
ཕྱི་ལོ་ ༢༠༠༩ ནས་བཟུང་དུས་དེ་རིང་གི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༥༡ དང་། དེའི་ནང་ནས་སྐུ་འདས་གྲོངས་སུ་གྱུར་པ་ ༤༡ ཆགས་ཡོད། རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་མེད་པའི་ཁྲོད་ནས། ལ་ལ་གང་དུ་ཡོད་མེད་ཤེས་ཀྱི་མེད་པ་དང་། ལ་ལའི་གཟུགས་པོ་ནད་གཅོང་ཆགས་ནས་དུས་ནས་དུས་སུ་སྨན་བཅོས་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དེའི་ཐོག་རྒྱ་གཞུང་གིས་ནང་མི་དང་འབྲེལ་ཡོད་སོགས་ལ་དོགས་པ་ཡོད་མདོག་གིས་འཇུ་བཟུང་བཀག་ཉར་དང་། བཙོན་འཇུག མནར་གཅོད་སོགས་བཏང་ནས། རང་ལུས་མེར་སྲེག་གནང་མཁན་དང་འབྲེལ་ཡོད་ཚང་མར་འགྲོ་འདུག་མི་ཤེས་པའི་དཀའ་ངལ་གཅིག་མཇུག་གཉིས་མཐུད་འཕྲད་བཞིན་ཡོད་པ་རེད། ད་ལྟའི་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་རྟོགས་བྱུང་བ་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༥༡ དང་། འདས་གྲོངས་སུ་གྱུར་པ་ ༤༡ ཡིན་པ་ལས། ད་དུང་རང་ལུས་མེར་སྲེག་གནང་མཁན་ཤེས་རྟོགས་བྱུང་མེད་པའང་ཡོད་སྲིད། གང་ལྟར་རང་ལུས་མེར་སྲེག་དེ་དག་གི་རྒྱུ་རྐྱེན་ནི། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པ། གསར་འགོད་བསྒྲགས་གཏམ་རིམ་པའི་ནང་བཀོད་ཡོད་པ་ལྟར་ད་དུང་ཡང་དེ་བཞིན་ནན་བརྗོད་བྱེད་རྒྱུ་ཡིན།
རྒྱ་ནག་གཞུང་གིས། རང་དབང་ཅན་དང་མང་གཙོའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་གསར་འགྱུར་བརྒྱུད་ལམ་བཀག་བསྡོམས་དང་། རྒྱལ་ནང་གི་བརྒྱུད་ལམ་ཡོངས་རྫོགས་ལ་གཞུང་གིས་སྟངས་འཛིན་བྱས་ཏེ། རྒྱལ་ཁབ་གཞན་གྱིས་རྒྱ་ནག་ལ་ཕྲག་དོག་ཆེ་རབས་སོགས་འཁྱོག་བཤད་བྱེད་ནས། གུང་ཁྲན་ཏང་ལ་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་ཐོབ་ཐབས་བྱས་པ་དང་། ནང་ཁུལ་ཧན་གྲངས་མང་མི་རིགས་ལ། གྲངས་ཉུང་མི་རིགས་ཚོས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཉམས་དམས་སུ་གཏོང་གི་ཡོད་ཚུལ་དང་། དེའི་ནང་ནས་བོད་པའི་སྐྱབས་བཅོལ་སྲིད་གཞུང་དང་ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཚོས། མེས་རྒྱལ་གོང་བུ་གཅིག་བསྒྱུར་ལ་བར་ཆད་གཏོང་གི་ཡོད་ཚུལ་སོགས་འཁྱོག་བཤད་ཁོ་ནས། མི་རིགས་ཕན་ཚུན་དབར་འཁོན་འཛིན་སློང་ཐབས་བྱས་དང་བྱེད་བཞིན་ཡོད་པ་དང་། རྒྱ་ནག་མི་མང་དུང་འཕྱུར་མང་པོ་ལ་རྒྱལ་ཁབ་གཞན་གྱི་མི་སེར་ལྟར་དངོས་ཡོད་གནས་ཚུལ་ཤེས་པའི་ཐོབ་ཐང་ཡོད་ཀྱང་། རྒྱ་ནག་གི་དབང་འཛིན་པ་ཚོའི་འཁྱོག་བཤད་དང་མགོ་སྐོར་ཁོ་ནའི་འོག་ཏུ་ཚུད་ནས་བསྡད་ཡོད།
ལྷག་དོན་དུས་ཚོད་ཐུང་ཐུང་ཞིག་ནང་། བོད་ནང་རང་ལུས་མེར་སྲེག་གནང་མཁན་ཕོན་ཆེན་པོ་བྱུང་བ་ལ། རྒྱ་གཞུང་གིས་དྲ་ལམ་སོགས་སུ་འཁྱོག་བཤད་རི་ཙམ་བྱས་ནས་བདེན་པ་གཡག་ཙམ་ཐོབ་ཆེད་དུ། རང་ལུས་མེར་སྲེག་གནང་མཁན་ཚོ་རིག་འཚོ་མ་ཟིན་པ་དང་། འཇིགས་སྐུལ་རིང་ལུགས་པ་རེད་ཟེར་བ་དང་། ཡང་བོད་པའི་སྐྱབས་བཅོལ་སྲིད་གཞུང་གིས་བརྒྱུད་སྐུལ་བྱས་པ་རེད་ཟེར་བ་སོགས། ཁ་གཡར་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཡིན་ན། བོད་ནང་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་དང་། རྒྱལ་སྤྱིའི་སྐུ་ཚབ། གསར་འགོད་པ་སོགས་རྒྱ་ནག་གཞུང་རང་གི་ཁེ་ཕན་གྱི་ཆེད་དུ་གཏོང་དགོས་ངེས་ཡིན། ཡིན་ནའང་དེ་དག་ཡོངས་རྫོགས་བཀག་བསྡོམས་བྱས་པ་དེ། རྒྱ་ནག་གིས་བཤད་པ་ཡོངས་རྫོགས་འཁྱོག་བཤད་དང་རྫུན་སྒྲིག རྒྱ་ནག་མི་མང་དང་འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་ཁོ་ན་ཡིན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད། ད་དུང་ཡང་ཇི་སྲིད་བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་རྒྱལ་སྤྱིའི་སྐུ་ཚབ། ཞིབ་འཇུག་པ་སོགས་མ་བཏང་བར་དེ་སྲིད་དུ་རྒྱ་གཞུང་གིས་བོད་མི་ཚོར་སྐྱོན་བརྗོད་བྱེད་བཞིན་པ་རྣམས་གཞི་མེད་ཀྱི་འཁྱོག་བཤད་དང་རྫུན་སྒྲིག་ཡིན་པ་ངོས་འཛིན་བྱེད་རྒྱུ་ཡིན་པར་ནན་བརྗོད་བྱེད་རྒྱུ་ཡིན་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་དེ་བཞིན་དུ་ངོས་འཛིན་ཡོང་བར་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༨ ཉིན།།