བླ་བྲང་བསང་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་འདུག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

གནས་ཚུལ་ཡོང་ཁུངས་ལྟར་ན། ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པར་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཤང་གི་ནགས་ཚལ་ཆེན་མོ་ཞིག་ཡོད་པའི་ཉེ་འདབས་སུ། མིང་ལ་ལྷ་མོ་སྐྱབས་ཞུ་བའི་བོད་མི་ཞིག་གིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ནི་བཟའ་ཟླ་མེད་པའི་ཕོ་ཧྲེང་རང་ལོ་ ༤༣ ཡིན་པ་དང་། ཁོང་ནི་བོད་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་དམེ་ཤུལ་ཤང་མཁར་དམར་ཤུལ་སྡེ་བ་ནས་ཡིན་འདུག  ལོ་དུ་མའི་ཡར་སྔོན་ནས་བཟུང་ཁོང་གིས་ནགས་སྲུང་བའི་ལས་ཀ་བྱས་ཏེ། ཀླུ་ཤོད་ཡུལ་ཚོའི་ནན་པན་སྡེ་བའི་མདུན་གྱི་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འདབས་སུ་འཚོ་སྡོད་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ཀྱི་རང་ལུས་མེར་བསྲེགས་གནང་བའི་རྗེས་ཀྱི་རྣམ་པ།རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ཀྱི་རང་ལུས་མེར་བསྲེགས་གནང་བའི་རྗེས་ཀྱི་རྣམ་པ།ཁ་སང་ཞོགས་པ་ནམ་མ་ལངས་གོང་ཁོང་གིས་ཤིང་ཆ་སྤུངས་བ་དང་དེའི་ཁྲོད་ས་སྣུམ་བླུགས་རྗེས་རང་ཉིད་དེའི་ཁྲོད་དུ་གསོན་བསྲེགས་བྱས་ཡོད་འདུག་ལ།  ཕྱིས་སུ་སྡེ་མི་ཚོས་ཁོང་གི་སྐུ་ཕུང་མེ་རོར་གྱུར་ཏེ་མགོ་བོ་གཅིག་པུ་མ་གཏོགས་གཞན་ཅི་ཡང་ལྷག་མེད་པ་མཐོང་ཡོད་འདུག

གནས་ཚུལ་བྱུང་རྗེས་ས་གནས་སྲིད་གཞུང་གི་མི་སྣ་དང་ཉེན་རྟོག་པ།  དམག་མི་བཅས་གནས་ཚུལ་བྱུང་ཡུལ་དུ་ཡོང་སྟེ་སྐོར་སྲུང་གིས་ཡུལ་མི་ཚོ་ས་གནས་དེར་ཡོང་བཅུག་མེད་པར་མ་ཟད། ས་གནས་ཡུལ་མི་ཚོའི་འགྲོ་སྐྱོད་རང་དབང་ལ་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་འདུག

དེ་ལྟར་ན་ཕྱི་ལོ་༢༠༠༩ ནས་༢༠༡༣  ཟླ ༣ ཚེས ༢༥  བར་ང་ཚོས་ཤེས་རྟོགས་གསལ་པོ་བྱུང་བ་བོད་ནང་དུ་རང་ལུས་མེར་བསྲེགས་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་༡༡༡ དང་སྐུ་གཤེགས་པ་མི་གྲངས་ ༩༣  ཆགས་ཡོད། ད་དུང་གསལ་པོ་མ་ཆགས་པའི་རིགས་ཡོད་ལ། དེ་བཞིན་རྒྱ་གཞུང་གི་དམ་དྲག་འོག་ནས་རྩ་བ་ནས་ཤེས་རྟོགས་བྱུང་མེད་པའི་རིགས་ཀྱང་ཡོད་སྲིད།  རྒྱ་ནག་གཞུང་གིས་ད་དུང་ཡང་འཁྱོག་བཤད་དང་དངོས་ཡོད་མ་ཡིན་པའི་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པ་དང་། རང་ལུས་མེར་སྲེག་གི་ངན་ཁག་གཞན་ལ་དཀྲིས་ཐབས་དང་། རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་སོགས་དང་འགལ་བའི་ཁྲིམས་གཞི་སྣ་ཚོགས་གང་དྲན་དྲན་གྱིས་དྲིལ་བསྒྲགས་བྱས་ཏེ་བོད་མི་རྣམས་ལ་འཇིགས་སྐུལ་གྱིས་གནས་ཚུལ་རྫུན་སྒྲིག་གི་ཁྱབ་བསྒྲགས་བྱེད་བཅུག་དང་འཇུག་བཞིན་པ་ཡིན།

གང་ལྟར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་དོན་ནི། ༧གོང་ས་མཆོག་བོད་དུ་ཕེབས་ཐུབ་ཐབས་དང་བོད་མི་རྣམས་ལ་རང་དབང་ཐོབ་ཆེད་དུ་ཡིན་པས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཚོགས་སྡེ་ཁག གསར་འགོད་པ། ཉམས་ཞིབ་པ། མཁས་དབང་། སྤྱི་ཚོགས་ལས་འགུལ་བ། མང་གཙོ་དོན་གཉེར་བ་སོགས་ཚང་མས། བོད་ཕྱི་ནང་གཉིས་ནང་རང་ལུས་མེར་སྲེག་གནང་བཞིན་པ་འདིའི་དགོས་དོན་དང་རྒྱབ་ལྗོངས། རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱེད་བཞིན་པ་དེ་དག་དངོས་ཡོད་ཡིན་མིན་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ། བདེན་པ་ལ་རྒྱབ་སྐྱོར་དང་རྫུན་མ་ལ་ཐེར་འདོན་ངེས་པར་དུ་བྱེད་དགོས་ཞེས་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༣ཚེས་ ༢༦ ཉིན།།