བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་དང་དགེ་ལས་སློབ་ཟུར་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་མཉམ་ཞུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་དང་དགེ་ལས་སློབ་ཟུར་ཡོངས་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱེ་གྲོ་སྤྱི་དང། བྱེ་བྲག་བོད་འབངས་རྣམས་ཀྱི་མགོ་སྐྱབས་སུ་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སླད་བརྟན་བཞུགས་བསྟར་འབུལ་སྐབས་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་མཉམ་ཞུགས་གནང་ཡོད།

སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་དང་། གཞན་བརྟན་བཞུགས་སུ་བཅར་མཁན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་སྣེ་རྣམས་ནས་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་མཇལ་འཕྲད་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་དང་སྦྲགས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་བཅས། །