བྱང་ཕྱོགས་སྡེ་ར་ལྡུན་ཁུལ་དུ་སྤྱི་འཐུས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད།

༄༅། །བོད་མི་མང་སྤྱི་འཐུས་རྣམ་པ་ས་བགོས་ལྟར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་པ་བཞིན། སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་གཉིས་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་བོད་མིའི་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་གནང་བཞིན་ཡོད།

དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་སྤྱི་འཐུས་བློ་བཟང་གྲགས་པ་ལགས་དང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་གཉིས་སྤྱི་འཐུས་ས་བགོས་ལྟར་བྱང་ཕྱོགས་སྡེ་ར་ལྡུན་ཕྱོགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་འགོ་བརྩམས་ཡོད་པ་རེད།

ཕྱི་ཚེས་ ༡༨ ཉིན་བདེ་སྐྱིད་གླིང་གི་ཁྱབ་ཁོངས་སུ་ཡོད་པའི་ས་གནས་ཁྲིམས་ཞིབ་ཁང་དང་། འཕྲོད་བསྟེན་སྨན་ཁང་། ས་གནས་རྩིས་ཞིབ་ཁང་། སྨན་རྩིས་ཁང་། བཟོ་གྲྭ་བཅས་ལ་གཟིགས་བསྐོར་དང་།  ཕྱི་དྲོ་ས་གནས་ཀྱི་པོ་ཏཱ་ལ་ཚོགས་ཁང་ནང་དུ་མི་མང་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་།

དེ་བཞིན་ཕྱི་ཚེས་ ༡༩ ཉིན་མ་སུ་རིའི་སློབ་གྲྭ་ཁག་གཉིས་ལ་གཟིགས་བསྐོར་དང་། མ་སུ་རིའི་བོད་ཁྱིམ་གྱི་ཚོགས་ཁང་ནང་དགེ་སློབ་དང་མི་མང་བཅས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད། དེ་རྗེས་རཇ་སྤུར་བོད་ཁྱིམ་སློབ་གྲྭ་དང་། རཇ་སྤུར་མཉམ་ལས་བཟོ་གྲྭ གླིང་ཚང་གཞིས་ཆགས། ཚེ་རིང་དོན་ལྡན་གཞིས་ཆགས། དོན་གྲུབ་གླིང་གཞིས་ཆགས། མདོ་ཁམས་བོད་ཀྱི་གཞིས་ཆགས་བཅས་ཀྱི་མི་མང་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་བ་དང་། ས་གནས་སོ་སོའི་མི་མང་ནས་ཕེབས་བསུ་གང་ལེགས་གནང་ཡོད་འདུག སྤྱི་འཐུས་རྣམ་པ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་བརྗོད་གཞི་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་དང་འབྲེལ་མི་མང་ལ་གཏམ་བཤད་གནང་བ་དང་། དེ་བཞིན་ས་གནས་མང་ཚོགས་ཀྱི་བདེ་སྡུག་སྙན་སེང་ཞུས་ཡོད་པ། ལྷག་པར་དུ་དགོན་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན་ཚེ་རིང་དོན་ལྡན་གླིང་རྒན་གསོ་ཁང་དང་། ཆུ་སྒང་རྒན་གསོ་ཁང་བཅས་ལའང་གཟིགས་བསྐོར་དང་གནས་སྟངས་ཤེས་རྟོགས་བཅས་མུ་མཐུད་ས་འགོད་ལྟར་ས་གནས་ཁག་ཅིག་ཏུ་ཕེབས་བཞིན་ཡོད་པའི་གནས་ཚུལ་དུ།