བོད་རྒྱལ་ལོ་ ༢༡༤༣ ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དབུ་འཛུགས་གནང་བའི་ཐོག་ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད།

 

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པ་དབུ་འཛུགས་གནང་བ།
སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པ་དབུ་འཛུགས་གནང་བ།

སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དང་། གྲོས་ཚོགས་ཚོགས་དུས་མཐའ་མ་འདིར་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་བཀུར་འོས་སྤྱི་འཐུས་རྣམ་པ་འདིར་བདེ་འབྱོར་བྱུང་བར་ངས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་རེས་གྲོས་ཚོགས་ཀྱི་ལས་རིམ་ནང་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གསུམ་ཡོད། གཅིག་དེ་སྔ་འགྱུར་རྙིང་མའི་བསྟན་བདག་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཞིང་གཤེགས་དང་། དེ་བཞིན་བོད་ཕྱི་ནང་གཉིས་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་གཉིས་དང་། སྐབས་ ༡༡ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་འོས་འདེམས་བྱུང་བ་དང་། སྐབས་ལྔའི་རིང་སྤྱི་འཐུས་གནང་མཁན་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་། བཀའ་བརྒྱུད་ཀྱི་སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ་ལགས་དགོངས་པ་རྫོགས་པ་རེད། དེར་བརྟེན་ཁོང་རྣམ་པའི་ཆེད་དུ་མྱ་ངན་གུས་འདུད་ཀྱིས་རྗེས་དྲན་ཞུ་རྒྱུ་དང་། བོད་ནང་ལོགས་ལ་ཛ་དྲག་གི་གནས་སྟངས་མུ་མཐུད་ལྷག་ཡོད་པའི་གནས་ཚུལ་རྣམས་བསྐྱར་ལྡབ་ཞུ་མི་དགོས་པའི་ཐོག་འདས་པའི་ལོ་གཅིག་གི་ནང་ལ་གནས་སྟངས་ག་རེ་ཆགས་ཡོད་མེད་དེ། ཉེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནང་ལ་ཆ་ཚང་ཞིག་བཀོད་ཡོད་ལ། ད་རེས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྱི་ལམ་ནས་ཡོང་རྒྱུ་རེད། ད་རེས་ཀྱི་གྲོས་ཚོགས་འདི་ཕྱི་ཟླ་ ༣ པའི་གྲོས་ཚོགས་རེད། འདིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་བྱ་དགོས་ཀྱི་ཡོད། ད་རེས་ཀྱི་གྲོས་ཚོགས་འདི་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་འོས་བསྡུ་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་གྲུབ་ཟིན་ནས་འཚོགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། གྲོས་ཚོགས་ཀྱི་ལས་རིམ་ནང་འོས་བསྡུའི་ལས་རིམ་དང་འབྲེལ་ནས་དཀའ་རྙོག་མི་ཡོང་བ་དང་། གྲོས་ཚོགས་ཀྱི་ཆེ་མཐོང་དེ་ལྷག་དགོས་པའི་ཆེད་དུ་ཕྱི་ཟླ་ ༣ པའི་ཚེ་ ༢༡ ཉིན་མོ་ནས་ཚོགས་རྒྱུར་བསྒྲིགས་པ་རེད།

ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། དེ་དང་འབྲེལ་བའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། རིམ་པས་དེ་དག་དང་འབྲེལ་བའི་བགྲོ་གླེང་དང་།

སྐབས་ ༡༥ པ་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཚོགས་གཙོའི་དབུ་འཛུགས་གསུངས་བཤད།
སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༡ པ་ཚོགས་གཙོའི་དབུ་འཛུགས་གསུངས་བཤད།

བཀའ་ཤག་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་གསལ་བཤད། དེ་ནས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་གནང་རྒྱུ་བཅས་ད་རེས་གྲོས་ཚོགས་ཀྱི་དུས་ཚོད་མང་ཆེ་བ་དེ་དག་གི་ཐོག་གཏང་རྒྱུ་དང་། ལྷག་པར་དུ་སྤྱི་ཟླ་ ༣ པའི་ཚེ་ ༣༡ གི་སྔོན་ལ་སྔོན་རྩིས་གཏན་འབེབས་གནང་དགོས་སྟབས། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་ཀྱང་དེའི་སྔོན་ནས་གནང་དགོས་རྒྱུ་ཡིན་པས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་བགྲོ་གླེང་སྔོན་ལ་བཞག་ཡོད་པ་ཕུད། དེའི་རྗེས་སུ་ལམ་འཕྲལ་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་འགྲོ་རྒྱུ་ཡིན།

དེ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བདུན་པའི་སྙན་ཐོ་རྒྱས་པ་ཞིག་ད་རེས་ཀྱི་གྲོས་ཚོགས་འདིའི་ནང་འབུལ་རྒྱུ་དང་། དེའི་ཐོག་ལ་བགྲོ་གླེང་དང་ཐག་གཅོད་གནང་རྒྱུ། ད་དུང་དཔལ་ལྡན་བཀའ་ཤག་གི་གསལ་བཤད་ཅིག་ཀྱང་ལས་རིམ་ནང་ཕེབས་རྒྱུ་རེད། འཆར་ཅན་ལྟར་སྒྲིག་གཞི་བསྐྱར་བཅོས་དང་། གྲོས་ཆོད་གྲོས་འཆར་ཁག་གཅིག་བཅས་འབུལ་རྒྱུ་ཡོད་པ་མ་ཟད། འཛིན་སྐྱོང་གི་སྒྲིག་གཞིའི་ཟུར་འཛར་ནང་ལ་ཁ་སྣོན་གནང་བ་གྲོས་ཚོགས་ཀྱི་གསོལ་ཅོག་སྟེང་འབུལ་རྒྱུ་བཅས་ཀྱི་ལས་རིམ་ཡོད་པ་རེད།

ད་རེས་ཀྱི་ང་ཚོའི་འཁྲུག་ཆ་དོད་པའི་འོས་བསྡུའི་ལས་རིམ་དེའི་ཁྲོད་སྤྱི་ཚོགས་ནང་ལ་ལབ་གླེང་སྣ་ཚོགས་ཤིག་བྱུང་ཡོད་པ་རེད། ཡིན་ན་ཡང་། དེ་ཚོ་ཚང་མ་གྲུབ་ཟིན་པ་རེད། དེ་ཡིན་དུས་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ལ་རྣམ་པ་ཚོས་གསུང་དགོས་པ་ཡོད་མ་རེད་ལ། དེའི་ཐོག་ནས་གྲོས་ཚོགས་ནང་ལ་འཁྲུགས་རྐྱེན་གྱི་གཞི་མ་བཟོ་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་ནས་ད་ལྟའི་བར་དུ་དཔལ་ལྡན་སྲིད་སྐྱོང་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་གྲོས་ཚོགས་ཀྱི་ལས་རིམ་ཐོག་ལ་ཚོགས་གཙོ་སྦྲེལ་པོར་མཐུན་འགྱུར་ཧ་ཅང་ཡག་པོ་སྦྱར་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་གྲོས་ཚོགས་འདིར་ཡང་དེ་དེ་བཞིན་གྱི་གཟི་བརྗིད་ཆེན་པོའི་ཐོག་ནས་བོད་ཕྱི་ནང་གི་བོད་མི་ཚོས་ཡིད་ཆེས་ཡོད་པ་བཞིན་གཟེངས་སུ་ཐོན་པའི་ཐོག་ནས་འགྲོ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ད་དུང་ཡིན་ནའང་རྣམ་པ་ཚོ་ཚང་མས་མུ་མཐུད་ནས་མཐུན་འགྱུར་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།