བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོ་ཡི་རལ་གྲི་གཤོམ་པའི་སྙིང་སྟོབས་ཀྱི་ཐོག་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་ཞེས་པའི་རྩོམ་ཡིག་དང་གཏམ་བཤད་ཐད་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡ ཉིན་རྒྱ་གཞུང་གིས་གཉེར་བའི་དུས་དེབ་དང་བརྒྱུད་ལམ་ཁག་ཏུ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོ་ཡི། “རལ་གྲི་གཤོམ་པའི་སྙིང་སྟོབས་ཀྱི་ཐོག་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་” ཞེས་པའི་རྩོམ་ཡིག་དང་གཏམ་བཤད་དེ། རྒྱ་བོད་མི་རིགས་གཉིས་དབར་འགལ་ཟླ་དང་འཁོན་འཛིན་ཆེ་རུ་འགྲོ་བའི་གཞིར་གྱུར་འདུག་པ་དང་། བོད་མི་རིགས་ཀྱི་སེམས་ཁམས་ལ་ཏིལ་འབྲུ་ཙམ་ཡང་མི་བསྟུན་པར། གང་དྲན་དྲན་གྱིས་འཁྱོག་བཤད་བྱས་འདུག་པ་ཅུང་ཟད་ཟུར་འདོན་བྱས་ན། དེ་ཡང་རྩོམ་ཡིག་ནང་། “དགྲ་ཡི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ངན་འབྲེལ་བྱས་ནས། བོད་ལྗོངས་འདི་ཉིད་ཁ་ཕྲལ་སིམ་འཛུལ་གྱི་གཙོ་གནད་ཁུལ་དང་། གཏོར་བཤིག་ཟིང་སློང་གི་གཡུལ་ས་གཙོ་བོར་བརྩིས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ང་ཚོ་ དང་གཡུལ་ས་དང་། མི་སེམས། མང་ཚོགས་བཅས་འཕྲོག་ཐབས་བྱེད་ཀྱི་ཡོད་པས། བོད་ལྗོངས་འདི་ཉིད་སྔ་བར་ཕྱི་གསུམ་དུ་འདུ་ཤེས་འཛིན་སྟངས་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གནས་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཅིག་ཏུ་སྤེལ་དགོས་ཤིང་། རིགས་པའི་གཞུང་ལུགས་ཀྱི་ཐེར་འདོན་དང་། གླེང་ཕྱོགས་ཀྱི་སུན་འབྱིན། སྲིད་ཇུས་སྒྲོག་འགྲེལ། མཐོང་ཐོས་དྲན་རེག་ཤོད་པ་སོགས་ཀྱི་རྣམ་པ་བརྒྱུད། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་གཏིང་ཟབ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ “དབུ་མའི་ལམ་དང་། བོད་ཆེན་པོ། ཚད་མཐོའི་རང་སྐྱོང་” བཅས་ཟེར་བའི་ལོག་སྤྱོད་རེ་ངན་ཐེར་འདོན་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས། བོད་བརྒྱུད་ནང་བསྟན་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་དབར་དབྱེ་བ་གསལ་པོ་ འབྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལ་ཞེས་པའི་མིང་དབར་དབྱེ་བ་གསལ་པོ་འབྱེད་པ། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ འབྱེད་པ་བཅས་བྱས་ནས། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད། དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་ལ། དགྲ་ཡི་ཕྱོགས་གཏོགས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བརྙན་ཐོས་རྒྱུ་མེད་པ་དང་མཐོང་རྒྱུ་མེད་པ་བྱེད་དགོས་” ཞེས་སོགས་བཤད་ཡོད།

བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་སོགས་གང་བྱེད་ཀྱང་། ཕྱི་གསལ་ནང་གསལ་གྱི་ཐོག་ནས་བྱེད་བཞིན་ཡོད་ལ། བོད་ལྗོངས་ཁ་བྲལ་གྱི་ཆེད་དུ་སིམ་འཛུལ་ནམ་ཡང་བྱས་མེད། བོད་ནང་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་གཅིག་མཇུག་གཉིས་མཐུད་བྱེད་པའི་སྐབས། རྒྱ་ནག་གཞུང་གིས། རྐུ་རང་གིས་བྱས་ཡ་ལ་གཞན་ལ་བཙུགས་པའི་དཔེ་བཞིན། ༧ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ངན་ཁག་དཀྲི་ཐབས་བྱས་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས། “རྒྱ་གཞུང་གིས་ངན་ཁག་གཞན་དཀྲིས་དེ་ལྟར་བྱེད་པར་དཔང་རྟགས་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཞིབ་འཇུག་བྱེད་པར་ཡོང་ན་དགའ་བསུ་ཡོད་” ཅེས་བརྗོད་ཡོད་རུང་། ད་ལྟའི་བར་དཔང་རྟགས་སྣ་གཅིག་བསྟན་ཐུབ་མེད་ལ། རྒྱ་གཞུང་གི་འཐུས་མི་སུ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཞིབ་འཇུག་བྱེད་པར་ཡོང་ཕོད་མེད། ད་ཐེངས་ཀྱི་འཁྱོག་བཤད་འདིའང། རྩོམ་ཡིག་འབྲི་མཁན་དང་གཏམ་བཤད་སྤེལ་མཁན་རང་ཉིད་ཀྱི་ཁེ་ཕན་དང་གོ་གནས་ཀྱི་ ཆེད་དུ་བྱས་པ་ལས། གནས་ལུགས་དང་རྒྱབ་ལྗོངས་ཡོད་པ་ཞིག་ལ་ངོས་འཛིན་རྩ་བ་ཉིད་ནས་བྱེད་ཐབས་མེད། ད་དུང་ཁྲེན་ཆོན་གོ་ཡིས། “བོད་བརྒྱུད་ནང་བསྟན་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་དབར་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལ་ཞེས་པའི་མིང་དབར། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས་” ཞེས་པ་དེ། དུས་རབས་ཕྱེད་ལྷག་ཙམ་གྱི་རིང་ལ་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་དེ་ལྟར་ཡོང་ཐབས་བྱས་ཡོད་རུང་། རེ་འབྲས་གང་ཡང་ཐོན་མེད་ལ། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་འཛམ་གླིང་འདིའི་ནང་གདུག་རྩུབ་ཆེ་ཤོས་ཀྱི་སྲིད་ གཞུང་ཡིན་པ་གསལ་འདོན་བྱས་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་བརྒྱུད་ནང་བསྟན་དབར་དང་། ཁོང་དང་ཁོང་གི་སྐྱེ་ཕྲེང་དབར་གྱི་འབྲེལ་ལམ་སོགས། ལྷ་མེད་སྨྲ་བ་དང་སྐྱེ་བ་སྔ་ཕྱི་ཙམ་ཡང་ཁས་ལེན་མི་བྱེད་མཁན་གྱི་སྲིད་གཞུང་དང་མི་རིགས་ཤིག་ལ་བརྗོད་དབང་མེད་ལ་བརྗོད་ལུགས་ཀྱང་ཤེས་ཀྱི་མེད། ཁོང་གི་མཛད་འཕྲིན་དང་བོད་མི་མང་གི་བསམ་བློའི་འབྲེལ་ཐག་ཇི་ལྟར་ཡིན་མིན། འཛམ་གླིང་སྐྱེ་བོ་ཀུན་གྱིས་ཟུར་བལྟས་ལེབ་མཐོང་ཡིན་པས་དམར་ཤོག་དྲུང་ཆེ་ཁྲེན་ ཆོན་གོ་ཡིས་དེ་ལྟར་ངལ་བར་བྱས་པ་དོན་མེད་ཡིན།

ད་དུང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཝུའུ་དབྱིང་ཅེས་འབྲི་རུ་རྫོང་དུ་སོང་ནས། “མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་ཞི་མཐུན་འབྲི་རུ་གཏོད་” ཅེས་ཚོགས་འདུ་སོགས་འཚོགས་པ་དེ་ནི། རྫུན་གཡག་ཙམ་བཤད་ནས་བདེན་པ་ཤིག་ཙམ་ཐོབ་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས། ད་ལྟའི་སྐབས་འབྲི་རུ་མི་མང་ལ་དམྱལ་བ་ས་སྟེང་དུ་འཕོས་པའི་དཀའ་ངལ་འཕྲད་བཞིན་པ་དང་། ལོ་ན་རྒན་གཞོན་དང་ཕོ་མོ་དབྱེར་བ་མེད་པར་རྒྱ་གཞུང་གིས་ཉེས་འཛུགས་སྣ་ཚོགས་བྱས་ཏེ། འཛིན་བཟུང་བཙོན་འཇུག་དང་ཉེས་མེད་སུན་བཙིར་བཟོས་དང་བཟོ་བཞིན་པ་མ་ཟད། ཟླ་འདིའི་ཟླ་འགོ་གཅིག་པུར་མི་གྲངས་ ༡༧ ལྷག་ཙམ་འཇུ་བཟུང་བྱས་ཡོད་ལ། ད་དུང་ཡང་བོད་ཀྱི་ས་གནས་གང་སར་དམ་དྲག་བྱེད་བཞིན་ཡོད་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། “བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲེན་ཆོན་གོ་ཡི་རལ་གྲི་གཤོམ་པའི་སྙིང་སྟོབས་ཀྱི་ཐོག་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་ཞེས་པའི་རྩོམ་ཡིག་དང་གཏམ་བཤད།” ད་ལྟའི་སྐབས་ཁམས་འབྲི་རུ་ཁུལ་དུ་དམ་དྲགས་དང་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་ མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན།།