བོད་རང་དབང་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ཆེན་མོའི་ཐོག་བྱང་ཨ་རིའི་ཕྱོགས་བཞུགས་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་མཆོག་མཉམ་ཞུགས་གནང་བ།

༄༅། །ཉེ་ལམ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གཤེགས་པའི་བདུན་ཚིགས་དྲུག་པ་འཁེལ་བ་དང་བསྟུན། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༢ ཉིན་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་རང་དབང་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ཆེན་མོ་ཞེས་ནིའུ་ཡོག་དང་ནིའུ་འཇར་སི་གཙོ་བྱས་པའི་ཐོག མེ་ནི་སོ་ཊ་དང་། མེ་ས་ཆུ་སི། ཀ་ནིག་ཀྲི་ཀཊ། པེན་སིལ་ཝེ་ནི་ཡ། ཁེ་ན་ཌའི་ཊོ་རོན་ཊོ་སོགས་ནས་ཕེབས་པའི་བོད་མི་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་གྱི་ལས་འགུལ་ཆེན་མོ་ཞིག་སྤེལ་གནང་ཡོད་འདུག

སྐབས་དེའི་ལས་འགུལ་གོ་སྒྲིག་ཞུ་མཁན་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་བྱང་ཨ་རིའི་ཕྱོགས་བཞུགས་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་མཆོག་མགྲོན་འབོད་གནང་བ་བཞིན་གཞུང་འབྲེལ་ཐོག་ལས་འགུལ་ཆེན་མོར་མཉམ་ཞུགས་གནང་ཞིང་། དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༡༡ ཉིན་སྤྱི་འཐུས་མཆོག་ནིའུ་ཡོག་གནམ་ཐང་དུ་ཕེབས་འབྱོར་སྐབས། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སོགས་ནས་སྣེ་ལེན་ཕེབས་བསུ་དང་། ཕྱི་ཚེས་ ༡༢ ཉིན་བོད་རང་དབང་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ཆེན་མོའི་ཐོག་མཉམ་ཞུགས་གནང་བ་དང་། སྐབས་དེའི་ལས་འགུལ་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་མཆོག་དབུ་བཞུགས་ཐོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་དོན་རྒྱབ་སྐྱོར་བ། ལོ་ན་བཅོ་བརྒྱད་ཡིན་པའི་ཨ་རིའི་ན་གཞོན་བོད་དོན་ཆེད་སྤྱི་ལེ་ ༡༦༠༠ ལྷག་ཞི་བའི་གོམ་བགྲོད་གནང་མཁན་ཐོ་མ་སི་ ཀིང་ ཇེཀ་སན་ (Thomas King Jackson) ལགས། ཞིང་གཤེགས་རྒྱལ་གཅེས་དཔའ་བོ་ཁོང་གི་གཉེན་ཉེ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་བཅས་ནས་རེ་རེ་བཞིན་གསུང་བཤད་གནང་འདུག


སྐབས་དེར་སྤྱི་འཐུས་མཆོག་གིས་གསུང་བཤད་གནང་དོན་གཙོ་བོ། ད་ལྟའི་ཆར་ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ལས་འགུལ་ཤུགས་ཆེར་སྤེལ་བཞིན་པར་བསྔགས་བརྗོད་དང་མ་འོངས་པར་ཡང་མུ་མཐུད་ནས་ལས་འགུལ་དེ་ལྟར་སྤེལ་དགོས་པའི་འབོད་སྐུལ། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གི་ཐོག་ནས་བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་འདི་ཞི་བའི་སྒོ་ནས་སེལ་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་དོན་སྙིང་ལྡན་པའི་གྲོལ་མོལ་བྱེད་དགོས་པའི་ནན་སྐུལ་གནང་བ་བཞིན། རྒྱ་ནག་གཞུང་གིས་བོད་མི་རིགས་དང་། བོད་ཀྱི་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་བཞིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་དེ་ཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པ། རྒྱ་ནག་གཞུང་གིས་དུས་ཚོད་འདི་འདྲའི་སྐབས་བོད་པ་ནང་ཁུལ་ལ་དཀྲུགས་ཤིང་དང་དཀྲོག་གཏམ་དེ་འདྲ་སྤེལ་སྲིད་པར་ཚང་མས་མགོ་མ་འཁོར་བར་ཡིད་གཟབ་གནང་དགོས་པ། ང་ཚོས་ལས་འགུལ་གང་ཞིག་སྤེལ་ཀྱང་བོད་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་ལྡན་པའི་ངང་སྤེལ་དགོས་པའི་འབོད་སྐུལ་ཞུས་འདུག་པ་བཅས།