བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་གནང་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་གཞུང་འབྲེལ་གྱི་མཛད་སྒོར་༸རྒྱལ་བ་རིན་པ་ཆེ་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་དང་ཁོང་གི་ཕྱག་རོགས་སྐུ་ཚབ་རྣམ་པ།  དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དཔལ་ལྡན་བོད་མི་མང་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ་བཅས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུའི་ལས་བྱེད་རྣམ་པ།  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འཛོམས་གནང་ཡོད།

 

མཛད་སྒོའི་ཐོག་མར་ཚང་མས་སྐུ་བཞེངས་ཐོག་བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་ལྷན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བ་དང་། དེ་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་ནས་དགེ་བཤེས་མ་བཞི་གྲས་བདེན་ཚིག་སྨོན་ལམ་གསུང་འདོན་ཚང་མས་མཉམ་འདོན་གནང་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་།

དེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་མཆོག་གིས་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་བུད་མེད་ནུས་སྟོབས་ཀྱི་གླུ་གཞས་གཟིགས་འབུལ་ཞུས། དེ་རྗེས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་ཁྱེད་རྣམ་པ་འདིར་ཕེབས་པ་དེས་རྒྱ་ནག་ལ་བོད་ཀྱི་འཐབ་རྩོད་ཐོག་བོད་མི་གཅིག་པུ་མིན་པའི་བརྡ་ལན་སྤྲད་པ་དང་། དེ་བཞིན་བོད་ནང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར། གཉིས་ཕན་དབུ་མའི་ལམ་གྱི་ཐབས་ལམ་འདི་ཉིད་མ་གཏོགས་གཞན་བོད་ཀྱི་གནད་དོན་སེལ་ཐབས་མེད་པ། བོད་ཀྱི་ཁོར་ཡུག་འཛམ་གླིང་ནང་གལ་ཆེའི་སྐོར། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་བྱས་པའི་བོད་དོན་སྲིད་བྱུས་སམ་ (Tibet policy Act 2002)དེ་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་ནང་གལ་ཆེའི་གྲུབ་འབྲས་ཡིན་པ། རྒྱ་གར་ནི་བོད་དང་བོད་མིར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་པ་བཅས་ཀྱི་སྐོར་སོགས་གསུངས།

དེ་རྗེས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་མཆོག་བཅས་ནས་གསུང་བཤད་གནང་གྲུབ་བསྟུན་བོད་ཀྱི་ཟློས་གར་ཚོགས་པས་གྱ་སྟོན་མཉམ་གཞས་གཟིགས་འབུལ་ཞུས་མཚམས་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གསུང་བཤད་གནང་དོན། ང་རང་༸རྒྱལ་བ་རིན་པོ་ཆེའི་མདུན་དུ་ལངས་ནས་གསུང་བཤད་གནང་རྒྱུའི་གོ་སྐབས་ཐོབ་པ་དེ་སེམས་ནང་ཆེ་མཐོང་དང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ང་ཚོ་འདིར་འཛོམས་དགོས་དོན་གཙོ་བོ་༸གོང་ས་ཏཱ་ལའི་བླ་མར་ཆེ་བསྟོད་ཞུ་ཆེད་ཡིན་གསུངས་གནང་བ་དང་། གཞན་ ༢༠༡༥ ལོར་བོད་ནང་ཕེབས་སྐབས་ཕོ་བྲང་པོ་ཏཱ་ལའི་༸རྒྱལ་བའི་གཟིམ་ཆུང་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་སླར་ཡང་གཟིམ་ཆུང་འདིའི་ནང་གདན་འདྲེན་ཞུ་མ་ཐུབ་བར་རང་ནུས་གང་ཡོད་ཀྱི་འབད་བརྩོན་ཞུ་རྒྱུ་ཡིན་པའི་དམ་བཅའ་བཞག་པའི་སྐོར་དང་། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས།

དེ་རྗེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་ཕེབས་པར། བོད་དེ་ལོ་ངོ་ཁྲི་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་བཟང་སྤྱོད་མི་ཉམས་པ་དགོས་རྒྱུ། རྒྱ་མི་རིགས་ལ་གུས་བརྩི་དང་སྙིང་རྗེ་བྱེད་དགོས་པ། བོད་ཀྱི་འཐབ་རྩོད་བདེན་པ་ཡིན་པ་དེ་མ་རྩར་བཞག་ནས་འཚེ་མེད་ཞི་བའི་ལམ་བརྒྱུད་ནས་བོད་ཀྱི་གནད་དོན་སེལ་དགོས་པ། ཨ་རིའི་རྒྱབ་སྐྱོར་བ་ཚོས་བོད་ཀྱི་བདེན་པར་རྒྱབ་སྐྱོར་གནང་བ་ལས་དཔལ་འབྱོར་གྱི་ཁེ་ཕན་དང་། ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་མེད་པ། བོད་ཀྱི་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བོད་ཀྱི་རིག་གཞུང་དེ་འདྲ་ཞིག་བྱུང་བ་དེ་རིན་ཐང་བྲལ་བ་ཡིན་པ། བོད་ཀྱི་རིག་གཞུང་གིས་འཛམ་བུ་སྤྱི་ལ་ཕན་ཐོགས་ཐུབ་པ། བོད་པའི་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་དཀའ་ངལ་སེལ་ཐབས་གནང་བ་དེ་འཛམ་གླིང་ཡུལ་གྲུ་གཞན་ལ་དམིགས་དཔེ་བསྟན་ཐུབ་དགོས་པ་བཅས་སོགས་ཀྱི་སྐོར་ལ་བཀའ་སློབ་ཟབ་མོ་གནང་། མཐའ་མ་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ།།