བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་ནང་ཕེབས་བསུ་ཞུས་པ།

 

སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ལིན་ཌ་ ཧྥ་བྷེ་ནི་ (Ms Linda Fabiani MSP) མཆོག་གིས་གསུང་བཤད་གནང་སྐབས།
སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ལིན་ཌ་ ཧྥ་བྷེ་ནི་ (Ms Linda Fabiani MSP) མཆོག་གིས་གསུང་བཤད་གནང་སྐབས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༤ ནས་ ༨ བར་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Cross Party Group For Tibet in Scottish Parliament) ཡིས་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་ནང་ (The Future of Tibet,Heartland of Asia) ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༦ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་འཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་བཅས་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་སུ་སྣེ་ལེན་ཕེབས་བསུ་དང་། པར་རིས་འགྲེམས་སྟོན་ཐོག་མཉམ་ཞུགས་གནང་ཡོད་འདུག

སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་ས་ གྷི་རི་ (Hon Ross Greer,MSP, Green Party) མཆོག་ལ་ཕྱག་རྟགས་འབུལ་སྐབས།
སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་ས་ གྷི་རི་ (Hon Ross Greer,MSP, Green Party) མཆོག་ལ་ཕྱག་རྟགས་འབུལ་སྐབས།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ནས་ ༨ བར་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་སུ་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་གནང་འདུག་པ་དང་། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཆེད་ཕེབས་གནང་འདུག

སྐབས་དེར་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Cross Party Group For Tibet in Scottish Parliament) ཚོགས་གཙོ་ལྕམ་སྐུ་ལིན་ཌ་ ཧྥ་བྷེ་ནི་ (Ms Linda Fabiani MSP) མཆོག་གིས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་འཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་སུ་ཕེབས་པར་འཚམས་འདྲི་དང་སྦྲགས། ཁོང་དང་། ཁོང་གི་ཕྱག་སྦྲེལ་རྣམས་ནས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས་གནང་འདུག 

སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན།
སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལྕམ་སྐུ་ལིན་ཌ་ ཧྥ་བྷེ་ནི་མཆོག་དང་། སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་གི་བཙན་འཛུལ་ལ་ཞི་བའི་སྒེར་ལངས་བྱས་ནས་ལོ་ངོ་ ༦༠ འཁོར་བའི་དུས་འདིར་བོད་དོན་དང་འབྲེལ་བའི་པར་རིས་སོགས་ཀྱི་འགྲེམས་སྟོན་གནང་བ་དེ་བཞིན་གལ་ཆེ་ཡིན་སྐོར་དང་། བོད་ཀྱི་གནད་དོན་ཞི་བའི་ཐོག་སེལ་ཐབས་སླད་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་དང་། དེ་བཞིན་ཕྱི་ཟླ་ ༥ པའི་ནང་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཐོག་གྲོས་ཚོགས་འཐུས་མི་རྣམ་པ་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

ཕེབས་བསུའི་མཛད་སྒོའི་ཐོག་སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པེ་ཊི་རིག་ ཧར་ཝེ་ (Hon Patrick Harvie, MSP and Leader of Scottish Green Party) མཆོག་དང་། སྐུ་ཞབས་རོ་ས་ གྷི་རི་  (Hon Ross Greer,MSP, Green Party) མཆོག  ལྕམ་སྐུ་མའོ་རན་ ཝ་ཊ་ (Hon Maureen Watt, MSP,Scottish National Party) མཆོག  སྐུ་ཞབས་ཨན་གྷ་ས་ མེག་ཌོ་ནལ་ཌ་ (Hon Angus MacDonald,MSP,Scottish National Party) མཆོག་བཅས་ཆེད་ཕེབས་གནང་ཡོད་འདུག

སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པེ་ཊི་རིག་ ཧར་ཝེ་ (Hon Patrick Harvie, MSP and Leader of Scottish Green Party) མཆོག་ལ་ཕྱག་རྟགས་འབུལ་སྐབས།
སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པེ་ཊི་རིག་ ཧར་ཝེ་ (Hon Patrick Harvie, MSP and Leader of Scottish Green Party) མཆོག་ལ་ཕྱག་རྟགས་འབུལ་སྐབས།

བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ནས་སི་ཀོ་ལེན་ཌིའི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དྲན་རྟེན་ཕྱག་རྟགས་ཀྱང་ཕུལ་གནང་ཡོད་འདུག་པ་བཅས། །