བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ཇི་ པ་ར་མི་ཤ་ཝར་ (Dr. G. Parameshwar,Deputy Chief Minister of Karnataka) མཆོག་དང་། མངའ་སྡེའི་སྤྱི་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་པིར་ཡནྐ་ ཨེམ་ ཁར་ཇི་མཆོག

༄། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་ཚོགས་གཙོ། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ནས་ ༦ བར་བོད་མི་མང་སྤྱི་འཐུས་པདྨ་བདེ་ལེགས་མཆོག་དང་། སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཌ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ཁུལ་དུ་ཆེས་མཐོའི་དཔོན་རིགས་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་གནང་འདུག

མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ར་མེ་ཤ་ ཀུ་མར་མཆོག

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡ ཉིན་སོ་སོའི་བཞུགས་གནས་ནས་སྦེང་ལོར་དུ་ཕེབས་འབྱོར་གནང་ཡོད་པ་དང་། ཕྱི་ཚེས་ ༣ ཉིན་སྔ་དྲོ་མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ར་མེ་ཤ་ ཀུ་མར་ (Shri.K.R.Ramesh Kumar,Speaker of Karnataka Legislative Assembly) མཆོག་གི་ལས་ཁུངས་སུ་ཆེད་ཕེབས་གནང་སྐབས། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་། ཚོགས་དྲུང་ཨེ་སི་མུར་ཐི་ (S. Murthy,Assembly Secretary) ལགས་ཀྱིས་གཙོས་ལས་བྱེད་ཁག་ཅིག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག་པ་དང་། དེ་བཞིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་གྲོས་ཚོགས་ཚོགས་གཙོ་མཆོག་དང་མཇལ་འཕྲད་སྐབས། ཚོགས་དྲུང་གིས་གཙོས་མཐོ་རིམ་ལས་བྱེད་བཞི་ཡིས་མཉམ་ཞུགས་གནང་འདུག དེ་ནས་ལས་བྱེད་གཅིག་ཆེད་མངགས་བཀོད་སྒྲིག་ཐོག་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་གྲོས་ཚོགས་གོང་འོག་གི་ཚོགས་ཁང་གཉིས་ཀར་གཟིགས་བསྐོར་དུ་ཕེབས་གནང་བ་མ་ཟད། མངའ་སྡེའི་གྲོས་ཚོགས་ཚོགས་ཁང་གི་འབྱུང་རབས་ལོ་རྒྱུས་འགྲེལ་བཤད་ཞིབ་རྒྱས་གནང་འདུག

མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་བྷ་ས་ཝ་རྰ་ཇ་ ཧོ་ར་ཊི་མཆོག

དེ་རྗེས་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་བྷ་ས་ཝ་རྰ་ཇ་ ཧོ་ར་ཊི་ (Shri.Basavaraj Horatti, Chairman of Karnataka Legislative Council) མཆོག་གི་ལས་ཁུངས་སུ་ཆེད་ཕེབས་གནང་སྐབས། དེ་གའི་ཚོགས་གཙོ་མཆོག་གིས་གཙོས་ལས་བྱེད་རྣམ་པས་ཕེབས་བསུའི་སྣེ་ལེན་དང་། དེ་བཞིན་སྐུ་ཞབས་ཁོང་དང་། དྲུང་ཆེ་གཙོས་ལས་བྱེད་བརྒྱད་དང་ལྷན་མཇལ་འཕྲད་གནང་ཡོད་འདུག

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། ད་ལྟ་མངའ་སྡེའི་མཉམ་མཐུན་གཞུང་གི་འབྲེལ་མཐུད་གཙོ་འཛིན་སྐུ་ཞབས་སི་དཱ་རཱ་མེཡ་ (Shri.Siddaramaiah,Former CM of Karnataka and Chairman of Coalition government) མཆོག

ཕྱི་ཚེས་ ༥ ཉིན་ཀོང་རེ་སི་སྲིད་དོན་ཚོགས་པ་ནས་ཡིན་པ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ཇི་ པ་ར་མི་ཤ་ཝར་ (Dr. G. Parameshwar,Deputy Chief Minister of Karnataka) མཆོག་དང་། རྒྱ་གར་དབུས་གྲོས་ཚོགས་ནང་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་སྐུ་ཞབས་མ་ལི་ཀར་ཇུན་ ཁར་ཇི་ (Shri.Mallikarjun Kharge, Leader of the Congress party in the Lok Sabha) མཆོག་གི་བུ་མངའ་སྡེའི་སྤྱི་ཚོགས་བདེ་དོན་བློན་ཆེན་སྐུ་ཞབས་པིར་ཡནྐ་ ཨེམ་ ཁར་ཇི་ (Shri.Priyank M.Kharge,Minister for Social Welfare Government of Karnataka) མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། ད་ལྟ་མངའ་སྡེའི་མཉམ་མཐུན་གཞུང་གི་འབྲེལ་མཐུད་གཙོ་འཛིན་སྐུ་ཞབས་སི་དཱ་རཱ་མེཡ་ (Shri.Siddaramaiah,Former Chief Minister of Karnataka and Chairman of Coalition government) མཆོག མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌི་ནི་ཤ་ གྷུན་ཌུ་ རའོ་ (Shri.Denesh Gundu Rao,President of Karnataka Pradesh Congress Committee) མཆོག་དང་ཚོགས་པའི་རྒྱུན་ལས་དཔོན་རིགས་གྲངས ༡༥། མངའ་སྡེའི་ཇེ་ ཌི་ ཨེ་ས་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཌ་གྷུར་ ཧེཇ་ ཝི་ཤ་ཝ་ན་ཌི་ (Shri.Adagur H.Vishwanath,President of the Karnataka unit of Janata Dal (Secular) (JDS)) མཆོག མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ར་ཝེ་ ཀུ་མར་ (Shri.N.Ravi Kumar,General Secretary of BJP Karnataka) མཆོག་དང་གཞན་ཡང་གལ་ཆེའི་ཆབ་སྲིད་ཀྱི་འགོ་འཁྲིད་གཉིས་བཅས་དང་མཇལ་འཕྲད་གནང་ཡོད་འདུག

མངའ་སྡེའི་ཇེ་ ཌི་ ཨེ་ས་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཌ་གྷུར་ ཧེཇ་ ཝི་ཤ་ཝ་ན་ཌི་ (Shri.Adagur H.Vishwanath,President of the Karnataka unit of Janata Dal (Secular) (JDS)) མཆོག

མཇལ་འཕྲད་སྐབས་སྤྱི་འཐུས་རྣམ་པས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ལམ་སྟོན་གཞིར་བཟུང་མང་གཙོའི་ཀ་བ་གསུམ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་དང་འགན་དབང་སྐོར། རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་དཀའ་སེལ་བདེ་དོན་ཐོག་འཛམ་གླིང་ནང་འགྲན་ཟླ་མེད་པའི་རོགས་རམ་གནང་བཞིན་ཡོད་པ་དང་། ལྷག་པར་ཀར་ན་ཌ་ཀ་མངའ་སྡེའི་གཞུང་མང་གཉིས་ནི་བོད་མི་ཚོར་དམིགས་བསལ་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན། ཀར་ན་ཌ་ཀའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་དབུ་བཞུགས་སུ་༧གོང་ས་མཆོག་དང་། སྲིད་སྐྱོང་། ཚོགས་གཙོ་བཅས་ཆེད་ཕེབས་གནང་ཡོད་སྐོར། ད་ལྟའི་བོད་ནང་གི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་ནག་གཞུང་ནས་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོན་ཚན་ལྔ་ཅན་གྱི་ཞུ་སྐུལ་སྙན་ཞུའི་ཐོག་གང་ཐུབ་འགྲེལ་བརྗོད་ཞུས་གནང་བ་མ་ཟད། སྙན་ཞུ་དེ་ཡུལ་སྐད་ནང་ཕབ་བསྒྱུར་གྱིས་དཔོན་རིགས་རྣམས་ལ་ཕུལ་བར་ཁོང་རྣམས་དགྱེས་ཚོར་ཆེན་པོ་བྱུང་གནང་འདུག་པ་དང་། ལྷག་དོན་ཉེ་ལམ་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་བར་དགའ་བསུ་དང་། འབྱུང་འགྱུར་བོད་མིའི་འགྲོ་བ་ཐོབ་ཐང་ཐད་ཤུགས་སྣོན་ཡོང་བའི་འབོད་སྐུལ་ཞུས་གནང་བར། དཔོན་རིགས་རྣམས་ནས་གང་ཐུབ་གནང་རྒྱུའི་ཞལ་བཞེས་དང་། དེ་བཞིན་ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་འདུག

མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ར་ཝེ་ ཀུ་མར་མཆོག

གཞན་ཡང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གསང་བདེ་ལས་ཁུངས་ཀྱི་སྤྱི་ཁྱབ་མཆོག་ (སྐུ་ཞབས་ཁོང་ནི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ཐུགས་འདྲིས་ཆེན་པོ་ཡོད་པ་ཞིག་དང་། ལྷག་པར་༧གོང་ས་མཆོག་མངའ་སྡེ་འདིར་ཆིབས་བསྒྱུར་ནམ་ཕེབས་སྐབས་སྐུའི་ཉེན་སྲུང་ཐད་དམིགས་བསལ་ཐུགས་འགན་བཞེས་མཁན་ཞིག་ཡིན་འདུག) དང་མཇལ་འཕྲད་གནང་སྟེ། སྐུ་ཞབས་ཁོང་གིས་ལྷོ་སྤྱི་ལས་ཁུངས་དང་ལྷན་འབྲེལ་ལམ་དམ་ཟབ་ཐོག་རྒྱུན་དུ་བོད་མིའི་བདེ་འཇགས་ཐོག་ཐུགས་ཁུར་ཆེ་བཞེས་གནང་བར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ངོས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ། འབྱུང་འགྱུར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷོ་སྤྱིར་བཀའ་སློབ་དང་མཐུན་འགྱུར་སྔར་བཞིན་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག

མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌི་ནི་ཤ་ གྷུན་ཌུ་ རའོ་མཆོག

ཐེངས་འདིའི་ཀར་ན་ཌ་ཀའི་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གནང་སྐབས། མངའ་སྡེའི་ནང་དབུས་དང་ས་གནས་གྲོས་ཚོགས་འཐུས་མིའི་བར་མའི་འོས་བསྡུ་ཁག་ཅིག་འགྲོ་བཞིན་ཡོད་པ་དང་། འོས་བསྡུའི་ནང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨེཇ་ཌི་ ཀུ་མ་ས་སྭ་མི་ (H.D.Kumaraswamy,Chief Minister of Karnataka State) མཆོག་གི་སྐུ་ཟླ་དང་། དེ་བཞིན་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་བྷི་ཨེ་ས་ ཡི་ཌི་ཡུ་རབ་པ་ (Shri.B.S. Yeddyurappa,Leader of Opposition in the Karnataka Legislative) མཆོག་གི་བུ་བཅས་ཞུགས་གནང་ཡོད་སྟབས། ཁོང་རྣམ་པ་གཉིས་ས་གནས་སུ་བཞུགས་མེད་པས་མཇལ་འཕྲད་གནང་ཐུབ་མེད།

བོད་དོན་ཞུ་སྐུལ་སྐབས་ལྷོ་སྤྱིས་གཙོས་དེ་གའི་ལས་བྱེད་རྣམས་ནས་ཆེས་མཐོའི་དཔོན་རིགས་མཇལ་དུས་བཟོ་རྒྱུ་དང་། མངའ་སྡེ་བཞིའི་ཡུལ་སྐད་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་དོན་ཚན་ལྔ་ཅན་ཕབ་བསྒྱུར་གྱིས་མཐུན་འགྱུར་གང་ལེགས་གནང་འདུག

ཀར་ན་ཌ་ཀ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མུ་མཐུད་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཏ་མིལ་ན་ཌུ་དང་། ཀེ་ར་ལ། པུ་ཌུ་ཅེ་རི་བཅས་ལ་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་བཅས། །

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ཇི་ པ་ར་མི་ཤ་ཝར་མཆོག

མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ར་མེ་ཤ་ ཀུ་མར་མཆོག

མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་བྷ་ས་ཝ་རྰ་ཇ་ ཧོ་ར་ཊི་མཆོག