བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཧི་མཱ་ཅལ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་རེ་ཞིག་ལེགས་པར་མཇུག་བསྒྲིལ་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་བསམ་གཏན་ཆོས་སྒྲོན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཧི་མཱ་ཅལ་མངའ་སྡེའི་ནང་གི་བོད་དོན་ཞུ་སྐུལ་རེ་ཞིག་ལེགས་པར་མཇུག་བསྒྲིལ་གནང་ཡོད་འདུག

དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་ནང་གྲོས་ཚོགས་ཀྱི་མང་ཚོགས་འཛིན་སྐྱོང་ཚོགས་ཆུང་གི་ཁོངས་ནས་ཡིན་པ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨིན་དྷར་དྷ་དཱ་ལ་ཁན་པལ་ (Shri Inder Dutt Lakhan Pal, MLA) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པཱ་ཝན་ན་ཡཱར་ (Shri Pawan Nayyar, MLA) མཆོག དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་ཚོགས་བདེ་དོན་ཚོགས་ཆུང་ཁོངས་ནས་ཡིན་པ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཇེ་ཀུ་མར་ (Shri Vijay Kumar, MLA) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཝིན་དྷར་སིང་ (Shri Ravinder Singh, MLA) མཆོག

མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨིན་དྷར་སིང་ (Shri Inder Singh, MLA) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀམ་ལེ་ཤི་ཀུ་མ་རི་ (Smt Kamlesh Kumari, MLA) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་རཱི་ཊ་དྷེའི་མན་ (Smt Rita Dhiman, MLA) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མོ་ཧན་ལལ་བྷ་རཊ་ (Shri Mohan lal Brakta, MLA) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནན་དྷ་ལལ་ (Shri Nand lal, MLA) མཆོག

མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་ཤོར་རི་ལལ་ (Shri Kishori lal, MLA) མཆོག དེ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་དྲུང་སྐུ་ཞབས་ཡ་ཤི་པལ་ཤརྨ་ (Shri Yashpal Sharma, Vidhan Sabha Secretary) ལགས། ཀོང་རེ་སི་སྲིད་དོན་ཚོགས་པ་ནས་ཡིན་པ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧཱར་ཤི་ཝར་དྷན་ (Shri Harsh Wardhan Chauhan, Congress MLA) མཆོག མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཧན་སུ་རཱ་ཇི་ (Shri Hans Raj, Deputy Speaker of HP) མཆོག

སིམ་ལའི་གྲོང་སྡེ་སྤྱི་ཁྱབ་ལྕམ་སྐུ་ཀུ་སམ་ས་དྷེར་ཊ་ (Smt Kusum Sadret, Mayor of Shimla) མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་པེ་རེམ་ཀུ་མར་དྷུ་མལ་ (Shri Prem Kumar Dhumal, Former Chief Minister of Himachal Pradesh) མཆོག རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨ་ནུ་རཀ་ཋ་ཀུར་ (Shri Anurag Thakur, Member of Parliament) མཆོག ཧི་མཱ་ཅལ་མངའ་སྡེའི་ཡུལ་བསྐོར་སྤྲོ་འཆམ་བློན་ཆེན་ཟུར་པ་སྐུ་ཞབས་ཝི་ཇེ་སིང་མན་ཀོ་ཊི་ཡཱ་ (Shri Vijay Singh Mankotia, Former Tourism Minister of Himachal Pradesh) མཆོག

ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏཱ་ཀུ་མར་ (Shri.Shanta kumar, Former Chief minister of Himachal Pradesh) མཆོག་བཅས་དང་མཇལ་འཕྲད་གནང་སྟེ། ཕྱི་ལོ་ ༢༠༡༨ ལོ་འདི་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེའི་གཞུང་དང་འབྲེལ་ཡོད་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། བོད་དོན་ཞུ་སྐུལ་དོན་ཚན་ ༥ ཅན་གྱི་ཡིག་ཆ་སོགས་ངོ་སྤྲོད་དེབ་རིགས་ཁག་ཕུལ་གནང་ཡོད་པ་དང་།

དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར་སྙན་སེང་ཞུས་གནང་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་དཔོན་རིགས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་ཐབས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་ ༡༥༢ ཀྱིས་རང་ལུས་མེ་མཆོད་དུ་ཕུལ་ཡོད་པའི་སྐོར། བོད་འདི་རྒྱ་གར་གཙོས་དཀྱིལ་ཤར་ཨེ་ཤི་ཡའི་ནང་གལ་ཆེན་ཇི་ལྟར་ཆགས་ཚུལ། རྒྱ་གར་དབུས་ས་གཉིས་ནས་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་གང་མང་འཇོག་ཐབས། བོད་དོན་བདེན་མཐའ་ནམ་གསལ་ཉིན་རྒྱ་གར་ལ་ཡང་ཁེ་ཕན་ཡོད་ལུགས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སེམས་ཁམས་རིག་པ་སོགས་བདག་གཅེས་ཇི་ལྟར་གནང་ཡོད་པ། རྒྱ་གར་དབུས་སའི་གཞུང་མང་གཉིས་སྔ་ཕྱི་བར་གསུམ་དུ་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་རྡ་རམ་ས་ལར་མགྲོན་འབོད་ཡང་གནང་འདུག

སྐབས་དེར་གནད་ཡོད་མི་སྣ་མང་ཆེ་བས་༧གོང་ས་མཆོག་གི་མཛད་འཕྲིན་ལ་ཡི་རངས་དང་། བོད་མིའི་བདེན་དོན་ལ་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་ཡོད་པ། རྒྱ་ནག་གཞུང་གི་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་ཚུལ། བོད་མི་རང་ངོས་ནས་རིག་གཞུང་སོགས་བདག་པོ་རྒྱག་དགོས་གལ་དང་། ཁྱད་པར་གཞོན་སྐྱེས་རྣམས་ལ་མི་རིགས་ལར་ཞེན་དང་མི་རིགས་སྲུང་སྐྱོབ་ཀྱི་འདུ་ཤེས་དགོས་པ་ལས་མི་རིགས་གཞན་པའི་སྲོལ་ལུགས་ལ་མགོ་བོ་འཁོར་མི་རུང་བ་བཅས་ཀྱི་ལམ་སྟོན་ཡང་གནང་འདུག དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་རྡ་རམ་ས་ལར་ཕེབས་སྐབས། སྤྱི་འཐུས་རྣམ་པ་ཕེབས་བསུར་བཅར་གནང་ཡོད་འདུག

དེ་ལྟར་ཉིན་ ༥ རིང་ཧི་མཱ་ཅལ་མངའ་སྡེའི་ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་དོན་གལ་ཆེ་བ་ཁག་ ༡ དང་། གསར་འགོད་གསལ་བསྒྲགས་ ༡། མངའ་སྡེའི་སྲིད་སྐྱོང་མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག མངའ་སྡེའི་གྲོས་ཚོགས་ཚོགས་གཞོན་མཆོག སྤྱི་ཁྱབ་བློན་ཆེན་ཟུར་པ་ ༢། དབུས་གྲོས་ཚོགས་འཐུས་མི་ ༢། མངའ་སྡེའི་བློན་ཆེན་ཟུར་པ་ ༢།  མངའ་སྡེའི་བློན་ཆེན་ ༨། མངའ་སྡེའི་གྲོས་ཚོགས་འཐུས་མི་ ༡༤། གཞུང་འབྲེལ་གནད་ཡོད་མི་སྣ་ ༨། གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་གནད་ཡོད་མི་སྣ་ ༢༡ བཅས་ཁྱོན་བསྡོམས་མི་སྣ་གལ་ཆེན་ ༥༨ ལ་མཇལ་མོལ་གནང་ཡོད་པ་དང་། སིམ་ལ་སྤྱི་ཁྱབ་བསྟན་འཛིན་ནོར་བུ་ལགས་བོད་དོན་ཞུ་སྐུལ་ལས་འགུལ་སྐབས་སྤྱི་འཐུས་རྣམས་དང་ལྷན་བཅར་ཞུས་ཡོད་འདུག

དེ་བཞིན་སྤྱི་བསྡོམས་སུ་བོད་དོན་ཞུ་སྐུལ་ཉིན་གྲངས་ ༢༥ རིང་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཁན་ཌ་དང་།  ཧར་ཡ་ན། པཎ་ཇབ། ཇ་མུ་ཀ་ཤི་མུར། ཧི་མཱ་ཅལ་བཅས་སུ་བོད་དོན་ཞུ་སྐུལ་ལས་དོན་གལ་ཆེ་བ་ཁག་ ༡༦ དང་། གསར་འགོད་གསལ་བསྒྲགས་ ༣། མངའ་སྡེའི་སྲིད་སྐྱོང་ ༣། མངའ་སྡེའི་སྤྱི་ཁྱབ་བློན་ཆེན ༣། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ ༣། གྲོས་ཚོགས་ཀྱི་ཚོགས་གཙོ་ ༡། གྲོས་ཚོགས་ཀྱི་ཚོགས་གཞོན་ ༡། མངའ་སྡེའི་བློན་ཆེན་ ༢༠། བློན་ཆེན་ཟུར་པ་ ༤། དབུས་གྲོས་ཚོགས་འཐུས་མི་ ༤། དབུས་གྲོས་ཚོགས་འཐུས་མི་ཟུར་པ་ ༣། མངའ་སྡེའི་གྲོས་ཚོགས་འཐུས་མི་ ༤༢།  གཞུང་འབྲེལ་གནད་ཡོད་མི་སྣ་ ༢༠། གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གིས་གནད་ཡོད་མི་སྣ་ ༥༤ བཅས་ཁྱོན་བསྡོམས་མི་སྣ་གལ་ཆེན་ (༡༥༩) ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ་བཅས། །