བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཡོ་གྷི་ ཨ་དྷི་ཏི་ཡ་ནཱ་ཐ་ (Shri.Yogi Adityanath ji,Chief Minister of UP) མཆོག

༄༅། །བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ ནས་ ༡༥ བར་ཉིན་ལྔའི་རིང་རྒྱ་གར་བྱང་ཕྱོགས་ཡུ་པི་མངའ་སྡེའི་ནང་སྤྱི་ཁྱབ་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་རིམ་རེ་ཞིག་མཇུག་བསྒྲིལ་གནང་ཡོད་འདུག

མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧི་རི་ཌེཡ་ ནཱར་ཡན་མཆོག

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་ཕྱི་ཚེས་ ༡༠ ནས་ ༡༥ བར་ཡུ་པི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཡོ་གྷི་ ཨ་དྷི་ཏི་ཡ་ནཱ་ཐ་ (Shri.Yogi Adityanath ji,Chief Minister of UP) མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧི་རི་ཌེཡ་ ནཱར་ཡན་ (Shri Hriday Narayan Dikshit, the Speaker of Vidhan Sabha, UP.) མཆོག

མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ས་ཝན་རྡ་ར་ དྷེབ་སིང་ (Shri.Sawandra Dev Sing, State Transport Minister) མཆོག མངའ་སྡེའི་བློན་ཆེན་སྐུ་ཞབས་ཨ་ཤུ་ཏོཤི་ ཊན་ཌོན་ (Shri Ashutosh Tandon, State Minister of Technical and Medical education) མཆོག

རྒྱ་གར་ས་མྗ་ཝ་ཏི་སྲིད་དོན་ཚོགས་པའི་འགོ་འཁྲིད་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཨག་ལེ་ཤི་ཡཱ་དྷབ་ (Akhilesh Yadav, Samaj Wadi Party leader) མཆོག ས་མྗ་ཝ་ཏི་སེག་གུ་ལར་སྲིད་དོན་ཚོགས་པའི་འགོ་འཁྲིད་སྐུ་ཞབས་ཤི་ཝེ་པཱལ་ ཡཱ་དྷེབ་ (Shiv Pal Yadav, Samajwadi Secular Party leader) མཆོག ལག་ནའོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་ དྷའོ་ཇི་ གུབ་ཏཱ་ (Shri Dauji Gupta, (Ex-Mayor and Vice President, ITFS) མཆོག ལོག་དྷལ་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨོམ་ཀཱར་ སིང་ (Omkar Sing, Secretary, Lok Dal Party) ལགས། མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཏཱི་ཝ་རི་ (Shri.Dr T Tiwari, Vice President, Congress Party) ལགས། མངའ་སྡེའི་བྷི་ཨེས་པིའི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་སཱ་ཏི་ཤ་ ཅན་དྷ་ར་ མི་ཤ་རཱ་ (Shri Satish Chandra Mishra, BSP, General Secretary) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སཱན་ཇེཡ་ཤུག་ལཱ་ (Shri Sanjay Shukla, Convenor,BTSM) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སློབ་དཔོན་སྐུ་ཞབས་རཱ་མེཤ་ ཅན་ཌ་ ཏི་ཝ་རི་ (Professor Ramesh Chand Tiwari) ལགས་བཅས་དང་མཇལ་འཕྲད་གནང་སྟེ།

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྤྱིར་རྒྱ་གར་གཞུང་མང་གཉིས་དང་། དམིགས་བསལ་ཡུ་པི་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་། ས་གནས་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། འཕགས་བོད་གཉིས་དབར་ལོ་རྒྱུས་ཐོག་གི་འབྲེལ་བ་ཇི་ཡོད། དེ་བཞིན་སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་མངའ་སྡེ་ཁག་ནང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི། གཉིས་སྨན་དབུ་མའི་ལམ་གྱི་སྐོར་སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད། བོད་དོན་སྤྱི་དང་། ལྷག་པར་བོད་རྒྱ་ཞི་མོལ་ཡོང་ཐབས་སླད་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་བསྐུལ་དང་། རྒྱ་གར་དབུས་སའི་གྲོས་ཚོགས་ནང་བོད་དོན་གླེང་སློང་དང་། བོད་དོན་ཐོག་གྲོས་ཆོད་འཇོག་ཐབས་གནང་རོགས་བཅས་ཞུས་གནང་འདུག  དེ་བཞིན་དཔོན་རིགས་རྣམས་བཞུགས་སྒར་རྡ་སར་ཕེབས་གནང་མཛད་རྒྱུའི་རེ་བསྐུལ་ཡང་ཞུས་གནང་འདུག

སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཆེན་པོ་ཡོད་སྐོར་གསུངས་གནང་འདུག་པ་དང་། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་པི་མངའ་སྡེའི་ས་གནས་ལག་ནའོ་ནང་གི་བོད་རིགས་སུད་ཚོང་བ་རྣམས་ལ་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རོགས་ཞུས་པར། སྐུ་ཞབས་ཁོང་ནས་ཞལ་བཞེས་གནང་ཡོད་འདུག

དེ་བཞིན་རྒྱ་གར་གསར་འགྱུར་བརྒྱུད་ལམ་(ANI) གྱི་གསར་འགོད་པ་སྐུ་ཞབས་རཱག་ཝིན་དཱར་ (Mr Raghvendra Pandey) ལགས་ཀྱིས་བཅར་འདྲི་གནང་བར། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་དང་ལེན་ཞུས་ཏེ་མངའ་སྡེའི་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བའི་སྐོར་འགྲེལ་བརྗོད་སྙིང་བསྡུས་ཞུས་གནང་ཡོད་འདུག

ས་གནས་བོད་མིའི་སུད་ཚོང་འགོ་པ་ཚེ་རིང་དོན་གྲུབ་ལགས་དང་། རྟ་མགྲིན་ལགས་རྣམ་གཉིས་ཀྱིས་དཔོན་རིགས་མཇལ་འཕྲད་ཀྱི་ལས་རིམ་ཐོག་འབྲེལ་མཐུད་ཀྱི་མཐུན་འགྱུར་གང་ལེགས་གནང་ཡོད་འདུག