བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་ཀྱིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་བཀུར་འོས་སྤྱི་འཐུས་ ༡༧ གྱིས་ཆ་ཤས་ལེན་གནང་ཡོད།

དེ་ཉིན་སྔ་དྲོ་ཚོགས་ཐུན་གཉིས་པའི་སྐབས་དེ་རིང་གི་ལས་རིམ་གཉིས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འོས་འདེམས་ཐོག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ (༡) དགོངས་དོན། “ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང་། བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་ཐོག་འོས་གཞིར་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་གྲངས་ ༤༣ གྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་མི་གཉིས་ཀར་འོས་གྲངས་ ༢༡ རེ་གཅིག་མཚུངས་ཐོབ་པ་དང་། འོས་གྲངས་ ༡ བར་བཞུགས་གནང་སྟབས། སླར་ཡང་གསང་བའི་འོས་ཤོག་འཕངས་ཏེ་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ལ་འོས་གྲངས་ ༡༩ དང་། ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ལ་འོས་གྲངས་ ༢༡ ཐོབ་པ་དང་། འོས་གྲངས་ ༢ རྩིས་མེད་དང་། ༡ བར་བཞུགས་བྱུང་བ་བཅས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་མང་མོས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་ཡོད།

དེ་ནས་ཉིན་རྒྱབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧་་་༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། དེར་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་ཡོད།

དེ་བཞིན་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་གྲུབ་མཚམས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་འགོ་བཙུགས་གནང་ཡོད་པ་དང་། སང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མུ་མཐུད་དེ་ནང་སྲིད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །