བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བཅུ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་མཐའ་མ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི། དོན་ཚན་བཞི་པའི་ནང་གསེས་ ༡ པོའི་ག་པའི་ ༢ པ་དང་། དོན་ཚན་ལྔ་པའི་ནང་གསེས་ ༡ པོ་དང་། ༢ པ།  དེ་བཞིན་ནང་གསེས་ ༤ པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བརྗོད་པ་གསུམ་པའི་ཐོག་སྤྱི་མོས་གཏན་འབེབས་གནང་ཡོད།

 

 

 

 

 

དེ་ནས་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་གཙོ་བོ་རྩིས་ལོ་ ༢༠༡༥་་་༡༦ ལོའི་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་བྱེད་ཆེད་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པ་བསྐོ་འཛུགས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་བ་དང་། དེར་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།

དེ་རྗེས་བཀའ་ཤག་གི་གསལ་བཤད་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ཟིན་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསུང་བཤད་གནང་བ་དང་། དེར་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་བཀའ་ཤག་གིས་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།

 

 

 

 

དེ་རྗེས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༧་་་༡༨ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དང་། དེ་བཞིན་རྩིས་ལོ་ ༢༠༡༨་་་༡༩ ལོའི་གཏོང་ལེན་ཁྲིམས་ཡིག་ཁག་སྙན་སྒྲོན་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད། དེ་ནས་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་ཡོད།

དེ་རིང་གི་ལས་རིམ་བརྒྱད་པར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་ ༥ པའི་མཇུག་བསྡོམས་གསུང་བཤད་གནང་རྗེས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པ་གྲོལ་བའི་གསལ་བསྒྲགས་གནང་བསྟུན། ཉིན་བཅུའི་རིང་གི་གྲོས་ཚོགས་མཇུག་སྒྲིལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །