བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དགུ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད། དེ་ཡང་ཐོག་མར་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ ནས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཐོག་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སྟེ་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་དང་། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས་ཀྱི་རྩིས་འགོ་ ༡.༤ ཡི་ཇ་པའི་ཟུར་འཛར་ ༩ པའི་ནང་གསེས་རྩིས་འགོ་ ༡༨ ལ་རྒྱབ་སྐྱོར་ཐོབ་མེད་སྟབས་གཅོག་ཆ་གནང་བ་དང་།  དེ་མིན་ཟུར་བཀོལ་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་གནང་བར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་ཡོད། དེ་བཞིན་ནང་སྲིད་ཁྱབ་ཁོངས་སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་ལྔའི་ཟུར་བཀོལ་སྔོན་རྩིས་ལའང་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་བཅས།