བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།

 

 

 

 

དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི། དོན་ཚན་བཞི་པའི་ནང་གསེས་ ༡ པོའི་ག་པའི་ ༢ པ་དང་། དོན་ཚན་ལྔ་པའི་ནང་གསེས་ ༡ པོ་དང་། ༢། དེ་བཞིན་ནང་གསེས་ ༤ པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་གནང་ཡོད། བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་བཞི་པའི་ནང་གསེས་ ༡ པོའི་ག་པའི་ ༢ པ་དང་། དོན་ཚན་ལྔ་པའི་ནང་གསེས་ ༡ པོ་དང་། ༢། དེ་བཞིན་ནང་གསེས་ ༤ པ་བཅས་བརྗོད་པ་གཉིས་པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།

 

 

 

 

དེ་མཚུངས་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་བདུན་པའི་ནང་གསེས་ ༣ པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་ཡོད། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་དོན་ཚན་བཅུ་བདུན་པའི་ནང་གསེས་ ༣ པར་དགག་བྱ་བྱུང་སྟབས་མང་མོས་ཐོག་ནས་རྒྱབ་སྐྱོར་མ་ཐོབ་སྟེ་ཁྲིམས་འཆར་དེ་ཚུད་མེད།  དེ་བཞིན་འཛིན་སྐྱོང་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་ ༥ པ་དང་། ༦ པའི་ཟུར་འཛར་བསྐྱར་བཅོས་གྲོས་ཚོགས་སུ་མཁྱེན་རྟོགས་སླད་ཕུལ་གནང་ཡོད།

 

 

 

 

དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་དམིགས་ བསལ་དང་། ཟུར་བཀོལ་སྔོན་རྩིས་ཁག དེ་བཞིན་སམ་བྷོ་ཊ་བོད་སློབ་ཚོགས་པའི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བར་གནང་བར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་ཡོད། དེ་ནས་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་ཐོག་བགྲོ་གླེང་མུ་མཐུད་གནང་མུས་ཡིན་པ་བཅས། །