བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གཉིས་པའི་གནས་ཚུལ།


༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་གཉིས་པ་ཚོགས་གནང་ཡོད།


དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ལ་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ཞིག་བཏོན་གནང་བ་དང་། གྲོས་འཆར་ནང་ “ཟུར་གསལ་འཁྲུལ་མེད་བཀའ་ལུང་རིན་པོ་ཆེའི་དགོངས་དོན་བཞིན། བོད་མིའི་སྤྱི་མཐུན་བསོད་ནམས་གོང་སྤེལ་དང་། ཁྱད་པར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་ཞབས་རིམ་དུ་ཚེ་ཐར་སྲོག་བསླུས་མཚོན་པའི་མི་དགེ་བཅུ་སྤོང་གི་དགེ་ལས་བསྒྲུབ་རྒྱུ་དང་། སྨན་གཟུངས། གསུང་མཆོག་མ་ཎི་ཡི་གེ་དྲུག་མ། གུ་རུ་སིདྡྷི་མཚན་སྔགས་དུང་ཕྱུར་བརྒྱ་ཕྲག་གསོག་བསྒྲུབ་དང་། གནས་ཆེན་གནས་ཆུང་ཁག་ལ་རྟེན་བཞེངས་གནང་རྒྱུ་བཅས་རྣམ་དཀར་དགེ་བའི་ཚོགས་ཆེན་གཞིས་བྱེས་གང་ན་སུ་བཞུགས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་གསོག་བསྒྲུབ་བྱེད་དགོས་པའི་བཀོད་ཁྱབ་གཅིག་གནང་སྐྱོང་ཡོང་བའི་ཐུགས་སྣང་གཞེན་བསྐུལ་གྲོས་འཆར་དུ།” ཞེས་འཁོད་ཡོད། དེར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་ཡོད།


དེ་རྗེས་མུ་མཐུད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་ལྷུགས་པོ་གནང་རྗེས་སྤྱི་མོས་ཐོག་གྲོས་ཆོད་གཏན་འབེབས་གནང་ཡོད། ཉིན་རྒྱབ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་བཀུར་འོས་སྤྱི་འཐུས་ ༡༥ ཡིས་ཆ་ཤས་ལེན་གནང་སྟེ་བགྲོ་གླེང་ལྷུགས་པོ་གནང་ཟིན་རྗེས།

དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། དེའི་འཕྲོ་རྣམས་སང་ཉིན་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །