བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བདུན་པའི་གནས་ཚུལ།

 

 

 

 

 

 

 

 

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་ ༩ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བདུན་པ་ཚོགས་གནང་ཡོད།

 

 

 

དེ་ཡང་སྔ་དྲོ་ཐོག་མར་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ལ་ད་ལྟའི་བཀའ་ཤག་གིས་ཤེས་ཡོན་གལ་ཆེན་འཛིན་གྱི་ཡོད་པ་ཡིན་ན་སློབ་མར་སློབ་དུས་འདི་ཧ་ཅང་གལ་འགང་ཆེ་ཞིང་དུས་ཚོད་ཕྱིར་འོང་མེད་པ་ལྟར། གཏན་སློབ་ཁག་རྩིས་ལེན་པར་ནས་སློབ་དུས་འཐུས་ཤོར་ཆགས་ཀྱི་ཡོད་པ་མངོན་གསལ་དུ་སོང་རྩིས་ལེན་རིམ་པ་དེང་སྐབས་གང་འདྲ་ཅིག་ལ་སླེབས་ཡོད་པ་དང་། འཐུས་ཤོར་མི་ཆགས་པའི་ཐབས་ལམ་གང་འདྲ་འཚོལ་གྱི་ཡོད། ཅེས་དྲི་བར་གནང་བར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད།

དེ་ནས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦་་་༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་འཐུས་རྣམ་པས་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་འབྲེལ་བའི་ཐོག་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་བཀུར་འོས་སྤྱི་འཐུས་ ༢༠ ཡིས་ཆ་ཤས་ལེན་གནང་སྟེ་བགྲོ་གླེང་མཇུག་སྒྲིལ་ཡོད།

 

 

 

 

 

 

 

 

དེ་རྗེས་དཔལ་ལྡན་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་གོང་གསལ་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཡོད། དེར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་ཡོད།

ཕྱོགས་མཚུངས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་བཀུར་འོས་སྤྱི་འཐུས་ ༡༡ གིས་ཆ་ཤས་ལེན་གནང་སྟེ་བགྲོ་གླེང་མཇུག་སྒྲིལ་ཡོད།

 

 

 

 

 

 

 

 

དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦་་་༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་ནས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་ནས་གོང་གསལ་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཡོད། དེར་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་ཡོད།

          གྲོས་ཚོགས་སང་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་མུ་མཐུད་འཚོགས་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །