བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དྲུག་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་ ༩ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དྲུག་པ་ཚོགས་གནང་ཡོད།

          དེ་ཡང་སྔ་དྲོ་ཐོག་མར་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་ཆགས་ཟུར་འཛུགས་དང་སློབ་གྲྭ་གསར་འཛུགས་བྱེད་པའི་ཐབས་ནུས་ཡོད་པར་མཐོང་ངམ། ཞེས་དང་། དེ་མིན་མིག་མཐོང་ལག་ཟིན་དུ་རང་མི་རིགས་འདི་གཞན་རིགས་ནང་དུ་རྒྱ་མཚོ་ལ་ཁ་བ་བབ་པ་བཞིན་ཐིམ་དུ་འགྲོ་ངེས་པས་དེའི་ཐད་ཐབས་ལམ་ཇི་འཚོལ། ཞེས་དྲི་བར་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད། ཕྱོགས་མཚུངས་འཕྲོས་དོན་དྲི་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད།

          དེ་རྗེས་ལས་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་སྟེ་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་གི་བགྲོ་གླེང་མཇུག་སྒྲིལ་ཡོད།  ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་སྤྱི་འཐུས་ ༣༢ ཙམ་གྱི་ཆ་ཤས་ལེན་གནང་ཡོད།

དེ་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་ལས་བསྡོམས་དང་། སྙན་ཐོ་སྙན་སྒྲོན་གནང་འགོ་བཙུགས་པ་དང་།  དེ་རིང་ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གྲོས་ཚོགས་གཙོ་སྐྱོང་གནང་ཐོག་མུ་མཐུད་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༨ པའི་ལས་བསྡོམས་དང་། སྙན་ཐོ་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་ནས་གོང་གསལ་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཡོད། དེར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ནས་རྒྱབ་སྐྱོར་གནང་ཡོད།

       དེ་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦་་་༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་ནས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ནས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཡོད། དེར་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་གིས་རྒྱབ་སྐྱོར་གནང་ཡོད།  དེ་རྗེས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་དྲི་བ་འདོན་གནང་མཛད་པར། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་ཡོད། དེ་བཞིན་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་བཀུར་འོས་སྤྱི་འཐུས་ ༡༠ ཡིས་ཆ་ཤས་ལེན་ཏེ་བགྲོ་གླེང་མཇུག་སྒྲིལ་གནང་ཡོད།

 

 

 

 

དེ་མཚུངས་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༦་་་༢༠༡༧ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་ནས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཡོད། དེར་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་རྒྱབ་སྐྱོར་གནང་ཡོད།

གྲོས་ཚོགས་སང་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་མུ་མཐུད་འཚོགས་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །