བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་ལྔ་པའི་གནས་ཚུལ།

IMG_7961 ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་སྟེ། ལས་རིམ་ནང་གསལ་ལྟར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཆེད་བཙུགས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་ལས་བསྡོམས་དང་། གྲུབ་དོན་སྙན་ཐོ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་སྙན་སྒྲོན་གནང་བ་དང་། ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་རྒྱབ་སྐྱོར་གནང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གོང་གི་ལས་རིམ་ཐོག་བགྲོ་གླེང་གི་གོ་སྐབས་གནང་ཡོད།

ཉིན་རྒྱབ་ལས་ཁུངས་གོ་རིམ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་བ་དང་། ཕྱག་ཚོད་ ༤།༠༠ ཐོག་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ནས་གྲོས་ཚོགས་སྐབས་ ༡༦ པའི་ཚོགས་དུས་ ༣ པའི་སྤྱི་འཐུས་རྣམ་པའི་དགོངས་ཤོག་དང་། བདུན་རྗེས་མའི་ལས་རིམ་རགས་ཟིན་བཅས་སྙན་སྒྲོན་ཞུས་པའི་གནས་ཚུལ་དུ།།