བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་གཉིས་པའི་གནས་ཚུལ།

IMG_7889

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་སྟེ། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་མུ་མཐུད་བགྲོ་གླེང་གི་ཆ་ཤས་ལེན་གནང་ཡོད། ཉིན་རྒྱབ་ཕྱག་ཚོད་ ༡།༣༠ ཐོག་ཚོགས་འདུ་མུ་མཐུད་གནང་སྟེ། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་མུ་མཐུད་བགྲོ་གླེང་གནང་ཡོད་པ་དང་། བགྲོ་གླེང་གྲུབ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་ནས་ལས་རིམ་གཉིས་པ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པར་སྤྱི་འཐུས་རྣམ་པས་སྤྱི་ཡོངས་བགྲོ་གླེང་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་བ་དང་། དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་ཀྱང་ལན་འདེབས་གསལ་བཤད་གནང་ཡོད། དེ་ནས་རིམ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་མུས་ཡིན་པའི་གནས་ཚུལ་དུ།།