བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པའི་གནས་ཚུལ།

img_5412

ད་རིང་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཀྱིས་གྲོས་ཚོགས་དབུ་འཛུགས་གནང་། ཐོག་མར་སྐར་རྟགས་ཅན་གྱི་དྲི་བ་ཐོག་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་ནས་དཔལ་ལྡན་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་ལ་དྲི་བ་གནང་བར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་། དེ་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་ཨང་ ༤༥ དང་། ༤༦ བཏོན་པ་ལ་གཏན་འབེབས་ཟིན། ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པ་ལ་ཡོངས་སུ་གཏན་འབེེབས་ཟིན། དེ་རྗེས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ཟིན་པར་དཔལ་ལྡན་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་གསལ་བཤད་རྒྱས་པ་ཞིག་གནང་རྗེས་བཀའ་ཤག་གི་གསལ་བཤད་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་འཇོག་གསོལ་ལྟར་ཡིག་ཆ་ཨང་ ༥༦ བཏོན་པ་ལ་སྤྱི་འཐུས་མང་མོས་ཐོག་ནས་གཏན་འབེབས་བྱུང་། དེ་ནས་ཚོགས་དྲུང་སྟོབས་རྒྱལ་མཆོག་ནས་གྲོས་ཚོགས་སྐབས་དགོངས་ཞུ་གནང་བའི་དགོངས་ཤོག་ཁག་སྙན་སྒྲོན་ཞུས་སྟེ། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་ཀྱི་མཇུག་བསྡོམས་གསུང་བཤད་གནང་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༢ པ་གྲོལ་བའི་གསལ་བསྒྲགས་གནང་ཡོད། ཐེངས་འདིའི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་དང་བཅས་པའི་མ་ལག་ཡོངས་ཀྱི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པ་ཡོངས་ཀྱི་དྲི་བ་གནང་ཡོད་པ་མ་ཟད། དོ་བདག་ལྷན་ཁང་སོ་སོའི་བཀའ་བློན་རྣམ་པས་ལན་འདེབས་གསལ་བཤད་རྒྱས་པར་གནང་ཡོད་པས་སྤྱི་ཡོངས་ཀྱི་གནད་དོན་ཡོངས་རྫོགས་ཐོག་གསལ་པོ་ཆགས་ཐུབ་པ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།