བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ལྔ་པའི་གནས་ཚུལ་།

img_5028

 

ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཀྱིས་ཉིན་འདིའི་གྲོས་ཚོགས་དབུ་འཛུགས་དང་སྦྲགས། ལས་རིམ་དང་པོ་དྲི་བ་དྲིས་ལན་ཐོག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་ནས་སྐར་རྟགས་ཅན་གྱི་དྲི་བ་གནང་བར་དཔལ་ལྡན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ནས་ལན་འདེབས་གནང་བ་དང་འབྲེལ་དེར་སྤྱི་འཐུས་རྣམ་པས་འཕྲོས་དྲི་བ་གནང་བར་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་ཀྱང་གནང་།

དེ་རྗེས་ལས་རིམ་གཉིས་པ་བཀའ་བློན་འོས་འདེམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པར་གསལ་བའི་བཀའ་བློན་གྱི་འོས་ཆོས་རྣམས་ཡོངས་སུ་ཚང་ཡོད་ཅེས། སྤྱི་ཟུར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱི་ལོ་རྒྱུས་སྙན་སྒྲོན་དང་བཅས་བཀའ་བློན་གྱི་འོས་མི་བཏོན་གནང་བར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་ནས་དགག་ཆ་དང་བཅས་གསལ་བཤད་གནང་རྗེས། གྲོས་ཚོགས་ནང་ངོ་ཡོད་སྤྱི་འཐུས་ ༤༣ གྱིས་གསང་བའི་འོས་བསྡུ་གནང་སྟེ། འོས་པའི་གྲངས་ ༡༤ དང་། རྩིས་མེད་ ༢ མི་འོས་པའི་གྲངས་ ༢༧ བྱུང་བར་སོང་བཀའ་བློན་གྱི་འོས་ཐོན་བྱུང་བར་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་འོས་ཤོག་ཐོབ་དགོས་པས་བཀའ་བློན་དུ་འོས་བདེམས་བྱུང་མེད།

དེ་རྗེས་ལས་རིམ་གསུམ་པ་ལས་བསྡོམས་སྙོན་དང་། ཞིབ་བཤེར་ལས་དོན་གྱི་ཐད། ཉིན་སྔོན་མའི་འཕྲོས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་ལན་འདེབས་གསལ་སྤྱི་འཐུས་རྣམ་པའི་དྲི་བ་ཁག་ལ་བཀའ་ལན་གནང་ནས་ནང་སྲིད་ལས་ཁུངས་དང་འབྲེལ་བའི་ལས་རིམ་རྣམས་ཡོངས་སུ་ཟིན།

དེ་རྗེས་ལས་རིམ་བཞི་པ་ལས་བསྡོམས་སྙོན་དང་། ཞིབ་བཤེར་ལས་དོན་གྱི་ཐད། དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོ་འཁོར་ལས་བསྡོམས་སྙིང་བསྡུས་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་སྙན་སྒྲོན་གནང་སྟེ། དེའི་ཐོག་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་རྗེས། དཔལ་འབྱོར་ལས་ཁུངས་མ་ལགས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་དྲི་བ་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་ནས་དཔལ་འབྱོར་ལས་ཁུངས་དང་འབྲེལ་བའི་ལས་རིམ་རྣམས་ཡོངས་སུ་ཟིན།

དེ་རྗེས་ལས་རིམ་ལྔ་པ་ལས་བསྡོམས་སྙོན་དང་། ཞིབ་བཤེར་ལས་དོན་གྱི་ཐད། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོ་འཁོར་ལས་བསྡོམས་སྙིང་བསྡུས་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གནང་ཡོད་པ་རེད། དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༥་་་༡༦ ལོའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་སྙན་སྒྲོན་གནང་ནས། བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གྲུབ་རྗེས། བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་མཆོག་ནས་ད་ཐེངས་ཀྱི་གྲོས་ཚོགས་རིང་སྤྱི་འཐུས་དགོངས་པ་ཞུ་མཁན་ཁག་གི་དགོངས་ཤོག་དང་གཟའ་འཁོར་རྗེས་མའི་ལས་རིམ་སྙན་སྒྲོན་གནང་བཅས་ཉིན་འདིའི་གྲོས་ཚོགས་སུ་བསྐྱངས་པའི་ལས་རིམ་སྙིང་བསྡུས་སུ།