བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ཁུལ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༣ ནས་ཟླ་ ༡༢ ཚེས་ ༡ བར་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་དབང་འདུས་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། ལི་ཐུ་ཝ་ནི་ཡ། སུད་ཌེན། ནི་ཐར་ལན་ཌི་བཅས་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༣ ཉིན་རྒྱལ་ས་ལྡི་ལི་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ནས་ ༡༨ བར་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ལས་རིམ། ཕྱི་ཚེས་ ༡༩ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ལི་ཐུ་ཝ་ནི་ཡ་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༠ ནས་ ༢༢ བར་ལི་ཐུ་ཝ་ནི་ཡ་རྒྱལ་ཁབ་ནང་ལས་རིམ། ཕྱི་ཚེས་ ༢༣ ཉིན་ལི་ཐུ་ཝ་ནི་ཡ་ནས་སུད་ཌེན་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ནས་ ༢༦ བར་སུད་ཌེན་རྒྱལ་ཁབ་ནང་ལས་རིམ། ཕྱི་ཚེས་ ༢༧ ཉིན་སུད་ཌེན་ནས་ནི་ཐར་ལན་ཌི་ལ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༣༠ བར་ནི་ཐར་ལན་ཌི་རྒྱལ་ཁབ་ནང་ལས་རིམ། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །