བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ཁུལ་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་མཆོག སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༩ ནས་ ༡༥ བར་འཇར་མན་རོགས་ཚོགས་ (Friedrich Naumann Foundation)  ཞེས་པའི་གོ་སྒྲིག་འོག་ཡུ་རོབ་རྒྱལ་ཁབ་འཇར་མན་དང་། སྦེལ་ཇམ་གཉིས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༨ ཉིན་ལྡི་ལི་ནས་འཇར་མན་གྲོང་ཁྱེར་མུ་ནིག་ (Munich) ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༩ ནས་ ༡༣ བར་མུ་ནིག་དང་། རྒྱལ་ས་བྷར་ལེན། (Berlin)  གྲོང་ཁྱེར་ཕ་རནྐ་ཕར་ཊ་ (Frankfurt) བཅས་ལ་ལས་རིམ་དང་། ཕྱི་ཚེས་ ༡༤ ནས་ ༡༥ བར་སྦེལ་ཇམ་རྒྱལ་ས་སྦར་སེལ་ (Brussels) བཅས་ལ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །