རྒྱ་གར་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཐེངས་འདིའི་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་བ།

༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༣ ནས་ ༢༣ བར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༢༢ དང་། ༢༣ བོད་དོན་ཞུ་སྐུལ་གྱི་ཉིན་དགུ་པ་དང་། བཅུ་པར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སོགས་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཐེངས་འདིའི་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ལྷག་པ་བོད་དོན་ཞུ་སྐུལ་ཉིན་དགུ་པར། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོང་མའི་བྷི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ཨེག་ལི་ཤི་ པར་སཏ་ སིངྒ་(Akhilesh Prasad Singh, Member of Rajya Sabha from Bihar) མཆོག་དང་མཇལ་ཕྲད་དང་།  ཕྱི་ཚེས་ ༢༣ བོད་དོན་ཞུ་སྐུལ་ཉིན་བཅུ་པར། རྒྱ་གར་གྲོས་ཚོགས་གོང་མའི་ནུབ་བྷེང་གྷལ་མངའ་སྡེའི་འཐུས་མི་ལྕམ་སྐུ་ཌོ་ལ་སེན་(Smt. Dola Sen, Member of Rajya Sabha from West Bengal) མཆོག་དང་། རྒྱ་གར་དབུས་གཞུང་གི་ལྷན་ཁང་མང་པོའི་བློན་ཆེན་ཟུར་པ་རྒྱ་གར་གྲོས་ཚོགས་འོག་མའི་རཱ་ཇི་སི་ཐན་མངའ་སྡེའི་འཐུས་མི་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་པི་པི་ཅཱོ་ཏི་རེ་(Shri P.P. Chaudhary,Member of Lok Sabha from Rajasthan ) མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྗེས་ཐེངས་འདིའི་བོད་དོན་ཞུ་སྐུལ་ལེགས་གྲུབ་བྱུང་ཡོད།

བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས་སྤྱི་འཐུས་རྣམ་པས་གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐབས་དང་། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་མུ་མཐུད་རྒྱུན་གནས་ཆེད་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་གླེང་སློང་ཡོང་བར་རྒྱ་གར་གཞུང་གིས་ཐུགས་འགན་གཙོ་བོ་བཞེས་དགོས་པའི་འབོད་སྐུལ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་མཉམ་འབྲེལ་གྱི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར། ༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཞི་མོལ་ཡོང་ཐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་ཚོགས་འདུ་སོགས་ཀྱི་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་གིས་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཐད་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཡོང་ཐབས་བཅས་ཀྱི་སྐོར་རྒྱབ་སྐྱོར་དང་། བོད་ནང་གི་བོད་མི་རྣམས་ལ་ཚད་ལས་བརྒལ་བའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་མཚོན་སླད། དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ལ་གཞུང་འབྲེལ་མཛད་གཙོ་རྣམས་མཉམ་ཞུགས་མི་གནང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད་འདུག

ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྐབས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་སྲིད་དོན་ཚོགས་པ་ཁག་བདུན་དང་། སྲིད་འཛིན་གྱི་ཐད་བསྐོས་གཉིས་བཅས་ཁྱོན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གྲངས་ ༣༩ མཇལ་འཕྲད་དང་། གཞུང་ཚབ་སོགས་གཞན་གནད་ཡོད་མི་སྣ་ ༩ བཅས་མཇལ་འཕྲད་གནང་ཡོད་པ་བཅས། །