བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་གཅིག་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་གཅིག་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ཟིན་པར། དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་འོག་འདས་པའི་ལོ་བཅུའི་ནང་དཔལ་ལྡན་བཀའ་ཤག་ནས་སྐུ་ལས་བསྐྱོན་པར་བརྟེན་བོད་མིའི་འཐབ་རྩོད་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ལ་གཞིས་བྱེས་བོད་མི་རྣམ་པས་སྔར་ལྷག་གུས་བརྩི་བྱེད་ཀྱི་ཡོད་པ། དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོ་དང་། ཕྱི་སྲིད་ལས་ཁུངས་ནང་གཞུང་འབྲེལ་གདན་ཞུས་དང་། དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ནང་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ངོས་ལེན་གནང་བ་སོགས་རྒྱལ་སྤྱིའི་ཐོག་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་མཁན་མང་དུ་འགྲོ་བཞིན་ཡོད་སྐོར། རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་སྒྲིག་འཛུགས་ལ་སྔར་ལྷག་རྒྱབ་སྐྱོར་གནང་བཞིན་ཡོད་གནས། བོད་ཀྱི་རྩ་དོན་ཐོག་གཞིས་བྱེས་བོད་མིའི་མཉམ་རུབ་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་པ། བོད་མིའི་སྒྲིག་འཛུགས་ནང་སྲི་ཞུའི་ལས་བྱེད་འཛུལ་ཞུགས་གནང་མཁན་མང་དུ་འགྲོ་བཞིན་པ་སོགས་ལས་བྱེད་རྣམ་པས་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་སྔར་ལྷག་གནང་བཞིན་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་སྔར་ལྷག་ཡག་ཏུ་ཕྱིན་པ། དེ་བཞིན་བོད་རྒྱའི་འབྲེལ་མོལ་སྐོར་སོགས་ཀྱི་ཐོག་ལན་འདེབས་གསལ་བཤད་གནང་རྗེས།

སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་བཀའ་ཤག་གིས་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གཞུང་འབྲེེལ་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་བ་དང་།

དེར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་སོང་།

ཚོགས་ཐུན་གཉིས་པར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་འོག  ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོ་དང་། གཉིས་པའི་ཐོག་ཡིག་ཆ་ཨང་ ༤༢ པ། ༡) བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན་ཞེས་པའི་ནང་གསེས་ ༢ པ་དང་། ༢) དོན་ཚན་བཞི་བཅུ་པ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ། ༣) དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཞེས་པའི་ནང་གསེས་ ༡ པོ་དང་། ༤) དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༡ པོ། ༥) དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཞེས་པའི་ནང་གསེས་ ༢ པའི་ “ཆ” ༦) དོན་ཚན་རེ་བདུན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི། ༧) དོན་ཚན་གོ་བདུན་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་དབང་ཞེས་པའི་ནང་གསེས་ ༡ པོའི་ “ཀ”    ༨) དོན་ཚན་བརྒྱ་དང་གཅིག་འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས་ཀྱི་ནང་གསེས་ ༡ པོ། ༩) དོན་ཚན་བརྒྱ་དང་བདུན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས་ཞེས་པའི་ནང་གསེས་ ༡ པོའི་ “ཀ” བཅས་ཀྱི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་སྙན་སྒྲོན་གནང་བར། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་རྒྱབ་སྐྱོར་གནང་སྟེ།

རིམ་བཞིན་བརྗོད་པ་དང་པོ་དང་། གཉིས་པའི་བགྲོ་གླེང་ཐོག་སྤྱི་འཐུས་ ༢༢ ཀྱིས་ཆ་ཤས་བླངས་རྗེས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་དང་། དོན་ཚན་རེ་གསུམ་པའི་ནང་གསེས་ ༡ པོ། དོན་ཚན་རེ་བདུན་པ། དོན་ཚན་གོ་བདུན་པའི་ནང་གསེས་ ༡ པོའི་ “ཀ” དོན་ཚན་བརྒྱ་དང་གཅིག་གི་ནང་གསེས་ ༡ པོ། དོན་ཚན་བརྒྱ་དང་བདུན་གྱི་ནང་གསེས་ ༡ པོའི་ ”ཀ” བཅས་རྩ་འབོར་བརྒྱ་ཆ་གཉིས་ཡན་གྱིས་མོས་མཐུན་ཐོག་གཏན་འབེབས་གནང་བ་དང་། གོང་གསལ་དོན་ཚན་གཞན་རྣམས་ལ་རྩ་འབོར་བརྒྱ་ཆ་གཉིས་ཡན་གྱིས་མོས་མཐུན་ཐོབ་མེད།

རིམ་པས་གཞུང་འབྲེལ་ཡིག་ཆ་ཨང་། ༤༣ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་དོན་བརྒྱད་པ། དགོངས་ཤོག་ཅེས་པའི་ནང་གསེས་ ༣ པའི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བཏོན་གནང་བ་དང་།

དེར་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་སྤྱི་མོས་ཀྱིས་གཏན་འབེབས་དང་།

དེ་བཞིན་གཞུང་འབྲེལ་ཡིག་ཆ་ཨང་། ༤༤ པ་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པ། གཞུང་དོན་ཕྱོགས་བསྐྱོད་ཀྱི་འགྲིམ་འགྲུལ་འགྲོ་གྲོན་ཐོབ་ཐང༌། ཞེས་པའི་ནང་གསེས་ ༡ དང་། ༢། ༣། ༤ པ་བཅས་དང་། དོན་ཚན་བདུན་པ། སྤྱི་འཐུས་ཀྱི་མཚན་མཐོང་དོད་དང༌། ལས་དོད། ཉིན་དོད། དེ་བཞིན་གཞུང་དོན་ཕྱོགས་བསྐྱོད་ཀྱི་ལས་དོད་དང་ཉིན་དོད་ཐོབ་ཐང༌། ཞེས་པའི་ནང་གསེས་ ༡ པོ་བཅས་ཀྱི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་བཏོན་གནང་བར།

སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་གོང་གསལ་དོན་ཚན་དྲུག་པའི་ནང་གསེས་ ༢ པ་དང་། ༣ པ་སྤྱི་མོས་ཐོག་ཕྱིར་བསྡུ་དང་། གཞན་རྣམས་སྤྱི་མོས་ཀྱིས་གཏན་འབེབས།

དེ་བཞིན་གཞུང་འབྲེལ་ཡིག་ཆ་ཨང་། ༤༥ བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པ། ངེས་མེད་དགོས་དངུལ་ཞེས་པའི་ནང་གསེས་ ༢ པ་དང་། དོན་ཚན་བདུན་པ། ལོ་འཁོར་སྔོན་རྩིས་ཞེས་པའི་ནང་གསེས་ ༡ པོ། དོན་ཚན་བརྒྱད་པ། ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་ཞེས་པའི་ནང་གསེས་ ༢ པ་བཅས་ཀྱི་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཏོན་གནང་བར།

དཔལ་ལྡན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། གཉིས་པའི་ཐོག་ནས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་དྲུག་པའི་ནང་གསེས་ ༢ པ་དང་། དོན་ཚན་བདུན་པའི་ནང་གསེས་ ༡ པོ་སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། དོན་ཚན་བརྒྱད་པའི་ནང་གསེས་ ༢ པའི་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མེད།

དེ་རྗེས་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་གིས་སྤྱི་འཐུས་སྒེར་གྱི་གསལ་བཤད་གནང་རྗེས།

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པའི་སྙན་ཐོ་སྙན་སྒྲོན་གནང་ཡོད་པ་བཅས། །