བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་དང་། ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་འགོ་འཛུགས་ཤིང་། སྐབས་དེར་སྤྱི་འཐུས་ ༢༦ གིས་ཆ་ཤས་བླངས་པ་དང་། གཙོ་བོ་སྤྱི་འཐུས་རྣམ་པས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དེ་གལ་ཆེན་པོ་ཡིན་སྐོར་དང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དབང་ལུང་མན་ངག་དང་བཅས་པ་ལག་ལེན་ཇི་བཞིན་བསྟར་གྱི་ཡོད་མེད་སྐོར་དང་། རྡ་ས་ཁུལ་ལ་ལུས་སྦྱོང་བྱེད་ས་འཛུགས་ཐབས་དང་། མེག་གྷན་ཁུལ་ལ་འཐུང་ཆུའི་དཀའ་སེལ་ཡོང་ཐབས་སྐོར། རང་རེའི་སྤྱི་ཚོགས་ནང་དྲྭ་རྒྱའི་ངན་གོམས་ཀྱི་ཉེན་ཁ་ཡོད་མེད། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་རྣམས་ལ་རྒྱ་གར་གཞུང་གི་ (BPL) ཡི་ཟ་འབྲུའི་ལག་དེབ་ཀྱི་མཐུན་འགྱུར་བླངས་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་གནས། བལ་ཡུལ་ལ་གནས་སྡོད་བོད་མི་ལག་ཁྱེར་མེད་པ་རྣམས་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་རྒྱུའི་ཐོག་འཕྲོད་བསྟེན་ལས་ཁུངས་ངོས་ནས་ཐབས་ཤེས་དང་ལམ་སྟོན་ཡོད་མེད་སྐོར། དགོན་སྡེ་གྲྭ་ཚང་ཁག་གི་སྨན་ཁང་གིས་ས་གནས་ཡུལ་མི་དང་། བོད་མི་སོགས་ལ་ཕན་རླབས་ཆེན་པོ་བསྐྲུན་བཞིན་ཡོད་སྟབས་དེར་འཕྲོད་བསྟེན་ལས་ཁུངས་ངོས་ནས་མཐུན་འགྱུར་གང་ཐུབ་གནང་དགོས་སྐོར། རིག་འཚོ་མ་ཟིན་པའམ་སེམས་ཁམས་མི་བདེ་བ་རྣམས་ཀྱི་ཆེད་ནང་ཆོས་དང་། དེང་དུས་ཚན་རིག་ལམ་ནས་སློབ་གསོ་སྤྲོད་སའི་བཅོས་ཐབས་ཁང་ལྟ་བུ་འཛུགས་དགོས་གལ། སྨན་བཅོས་ལྟ་སྐྱོང་ལས་གཞིར་བསྐྱར་ཞིབ་བྱེད་ཀྱི་ཡོད་མེད། མཐའ་མཚམས་ས་གནས་ཁག་གི་ནང་སྨན་རྩིས་ཁང་གི་སྨན་པ་རྣམས་སྐོར་བསྐྱོད་མང་དུ་གཏོང་དགོས་པ་གལ་ཆེན་པོ་ཡིན་གནས། བོད་ཀྱི་གསོ་བ་རིག་པའི་ནང་ཡོད་པའི་འཕྲོད་བསྟེན་སྔོན་འགོག་ཁྱབ་བསྒྲགས་གནང་དགོས་སྐོར། མོན་གྷོ་ས་གནས་འཕྲོད་བསྟེན་སྨན་ཁང་ནང་སྨན་པ་གཏོང་གནང་ཡོང་བའི་རེ་སྐུལ། གཙུག་ལག་ཁང་དང་གངས་སྐྱིད་གཡས་གཡོན་ལ་གཙང་བཟོའི་ལས་དོན་ཚགས་ཚུད་དུ་གཏོང་དགོས་སྐོར། བལ་ཡུལ་ནང་ཡོད་མཁན་རྣམས་ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཆ་ཤས་བཞེས་ཆོག་མིན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ལ་ཚོགས་མི་ཇི་ཙམ་ཡོད་པ་དང་འཕྲོད་བསྟེན་ལས་ཁུངས་ངོས་ནས་ལྷན་ཚོགས་ཡར་རྒྱས་ཐོག་ནུས་པ་གང་འདོན་བཞིན་ཡོད་སྐོར། ༧སྐུའི་བླ་སྨན་པ་གཉིས་ལ་གཟེངས་རྟགས་འབུལ་དགོས་པ། ནད་ཡམས་དེ་དང་འབྲེལ་བའི་ཐོག་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་བགྲོ་གླེང་གནང་ཡོད་མེད་སོགས་ཀྱི་དགོངས་ཚུལ་དང་། དོགས་འདྲི་ཕུལ་གནང་བར། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། ལྷག་པར་དུ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སོགས་ཀྱིས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བཞེས་གནང་མཛད་པ་དེས་མི་མང་རྣམས་ལ་སྔོན་འགོག་སྨན་ཁབ་དེ་བརྒྱབ་རྒྱུའི་བློ་སྟོབས་སྐྱེ་རྒྱུར་ཕན་རླབས་ཆེན་པོ་བྱུང་སྐོར་དང་། མི་མང་ནས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་བ་དང་། དེ་བཞིན་སྤྱི་འཐུས་རྣམ་པས་རྩིས་དང་འབྲེལ་བའི་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་།  གཞན་ཡང་སྤྱི་འཐུས་རྣམ་པས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་སྐབས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་གཙོས་པའི་ལས་བྱེད་རྣམ་པ་དང་། དེ་བཞིན་ཁྱབ་ཁོངས་ས་གནས་ལས་བྱེད་དང་། སྨན་པ། སྨན་ཞབས་པ། འཕྲོད་ལས་པ། དང་བླངས་པ། སྨན་རྩིས་ཁང་གི་འགོ་ལས་རྣམ་པ། དགོན་སྡེ་ཁག ༧སྐུའི་བླ་སྨན་པ་རྣམ་པ། རྡ་ས་ཟུར་བཀག་བཞུགས་ས་སྣེ་ལེན་ཁང་གི་འགོ་ལས་སོགས་ཀྱིས་ཕྱག་ལས་ཧུར་ཐག་གནང་བར་བསྔགས་བརྗོད་དང་། རྒྱ་གར་དབུས་ས་གཉིས་ནས་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།

ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཡིག་ཆ་ཨང་། ༣༤ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠་་་༢༠༢༡ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པ་དང་། མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༣,༥༢༩,༧༣༦,༠༨༦དང་། དོན་ཚན་གཉིས་པ། འགྲོ་སོང་། རྩིས་ལོ་ ༢༠༢༠་་༢༠༢༡ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་ཞུས་བསྩལ་བསྣན་པའི་མཐའ་མའི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་བསྡོམས་སྒོར་ ༣,༥༤༨,༢༤༠,༤༦༡བཀའ་འཁྲོོལ་གནང་བ་ཁག་སྙན་སྒྲོན་གནང་བ་དང་། དེར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་དང་།

དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཡིག་ཆ་ཨང་། ༣༥ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༡་་་༢༠༢༢ ལོའི་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པ་དང་། མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༣,༠༡༠,༣༢༨,༩༤༢དང་། དོན་ཚན་གཉིས་པ། འགྲོ་སོང་། བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པ་བཅས་བསྡོམས་སྒོར་ ༢,༧༥༡,༨༥༣,༨༦༡བཀའ་འཁྲོལ་གནང་བ་ཁག་སྙན་སྒྲོན་གནང་བར། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་བཅས་གནང་ཡོད།

འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་གྲུབ་མཚམས། ཤེས་རིག་ལས་ཁུངས་ཀྱི་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་འགོ་འཛུགས་ཤིང་། བགྲོ་གླེང་ཐོག་སྤྱི་འཐུས་རྣམ་པས་མ་སུ་རི་གཏན་སློབ་ལ་སློབ་སྤྱི་ངོ་མ་བསྐོ་གཞག་གནང་མ་ཐུབ་པའི་རྒྱུ་མཚན་དང་། བོད་ཁྱིམ་སློབ་གྲྭ་ནས་སློབ་ཕྲུག་རྣམས་ལ་སློབ་ཡོན་གནང་ཕྱོགས་དང་། ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དང་འབྲེལ་བའི་སྐོར། སློབ་གྲྭ་ཁག་གི་དགེ་རྒན་རྣམ་པའི་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་གནས། ཤེས་རིག་ལས་ཁུངས་ནས་སློབ་ཡོན་དུས་ཐོག་བགོ་འགྲེམས་གནང་དགོས་གལ། བོད་ཡིག་དགེ་རྒན་གྱི་གསོལ་ཕོགས་སྤར་དགོས་པ་སོགས་ཀྱི་དོགས་འདྲི་དང་། དགོངས་ཚུལ་ཕུལ་གནང་བར། དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་བཞིན་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༢༠ ལོར་སྲིད་སྐྱོང་སློབ་ཡོན་བཞེས་མཁན་ ༡༩ བྱུང་བར་ཤེས་རིག་ལས་ཁུངས་ཀྱི་འགོ་ལས་ཡོངས་ལ་བསྔགས་བརྗོད་གནང་ཡོད་པ་བཅས། །