བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ལྔ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ལྔ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ལས་རིམ་ཐོག་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་ “༡) ད་ཕན་རང་རེ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པའི་ལས་བྱེད་ཆེ་ཕྲ་སུ་ཡིན་དང་། ཕོ་མོ་ཁྱད་མེད་ཀྱིས། ཉིན་ལྟར་ལས་ཁུངས་ནང་དུ་བོད་ཆས་ཁམས་གཙང་རེ་གྱོན་དགོས་རྒྱུ། ༢) མ་ཟད་ལས་ཁུངས་ཁག་ལ་བཅར་མཁན་བོད་མི་སྐྱ་སེར་སུ་རུང་ལའང་དེ་བཞིན་གཞེན་བསྐུལ་གནང་དགོས་པ།” ཞེས་པའི་གྲོས་ཆོད་གྲོས་འཆར་ཞིག་བཏོན་གནང་བར། དེར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་བ་དང་། རིམ་པས་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་རྗེས།  ཚིག་བརྗོད་ཁག་ཅིག་ལ་བཟོ་བཅོས་དང་སྦྲགས་གཏན་འབེབས་གནང་སོང་།

དེ་རྗེས་ལས་རིམ་ལྟར། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ཕྱི་དྲིལ་ཁྱབ་ཁོངས་ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་ཁང་ཐེབས་རྩའི་ཟུར་བཀོལ་དང་། བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨུ་རུ་སུ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། པེ་རི་སི་བོད་ཁང་ཐེབས་རྩའི་ཟུར་བཀོལ་སྔོན་རྩིས། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་དང་།

སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། ཟུར་བཀོལ་སྔོན་རྩིས། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ལྷོ་ཕྱོགས་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས།

དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། དཔལ་འབྱོར་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཟུར་བཀོལ་སྔོན་རྩིས། དཔལ་འབྱོར་ལས་ཁུངས་ཀྱི་ཡིད་ཆེས་དགེ་རྩའི་ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

ཕྱི་དྲིལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་བལ་ཡུལ་ནང་གི་འོས་བསྡུའི་ལས་རིམ་དྲྭ་ཐོག་ནས་བཟོ་ཐུབ་དགོས་གལ་ཆེན་པོ་ཡིན་སྐོར་དང་། བལ་ཡུལ་ནང་བཞུགས་བོད་རིགས་རྣམས་ལ་སྐྱབས་བཅོལ་ཡིག་ཆ་བཟོ་ཐུབ་ཐབས་གནང་དགོས་གལ། བལ་ཡུལ་ནང་བཞུགས་བོད་མི་གསར་བྱོར་བ་ཚོར་སྡོད་ཁང་བཟོ་ཐུབ་ཐབས་གནང་དགོས་སྐོར་དགོངས་འཆར་དང་། དོགས་འདྲི་ཕུལ་གནང་བར། དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། སྤྱི་འཐུས་རྣམ་པས་འོས་བསྡུའི་ལས་རིམ་དང་འབྲེལ་བའི་དོགས་འདྲི་དང་། ཁ་ཐོར་གྲྭ་བཙུན་ཁག་གི་འོས་བསྡུའི་དེབ་བསྐྱེལ་སོགས་ཀྱི་དཀའ་ངལ་ཁག་དང་། ས་གནས་འོས་བསྡུའི་འགན་འཛིན་སོགས་ལ་དྲྭ་ལམ་དང་བརྙན་ལམ་བརྒྱུད་ཟབ་སྦྱོང་གནང་དགོས་པ་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་སོགས་གསུངས་གནང་སོང་།

དེ་བཞིན་ད་རེས་ཀྱི་ལས་རིམ་ཐོག་སྤྱི་འཐུས་རྣམ་པས་དོགས་འདྲི་ཕུལ་བ་ཁག་ཅིག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །