བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཞི་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༨  ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཞི་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་། ༡༩ པའི་གྲོས་ཆོད་དོན་ཚན་གསུམ་པའི་བཟོ་བཅོས་གྲོས་འཆར་ཐོག་བགྲོ་གླེང་གནང་བ་དང་སྦྲགས། བཟོ་བཅོས་ལ་བཟོ་བཅོས་གྲོས་འཆར་གནང་བ་གཏན་འབེབས་དང་། དེ་སྔོན་བགྲོ་གླེང་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་། ༡༩ པར་ཚིག་བརྗོད་ཁག་ཅིག་བསྐྱར་བཅོས་གནང་བ་དང་། གྲོས་ཆོད་ནང་དོན་ཚན་གཉིས་གསར་སྣོན་གནང་བ་ཁག་སྙན་སྒྲོན་དང་གཏན་འབེབས་གནང་རྗེས། གྲོས་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་། ༡༩ པ་དེ་བཞིན་སྤྱི་མོས་ཐོག་ནས་གཏན་འབེབས་གནང་སོང་།

རྩ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་གསུམ་པའི་ཐོག་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་ཕྱི་ཚེས་ ༡༧ ཉིན་བཟོ་བཅོས་གྲོས་འཆར་བསྣམས་ཕེབས་པ་དང་།  སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་གིས་རྒྱབ་སྐྱོར་གནང་ཞིང་། དེར་དགག་པ་བྱུང་བར་བརྟེན་མང་མོས་ཐོག་ཚུད་ཡོད།

དེ་རྗེས་ལས་རིམ་ལྟར། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ཕྱི་དྲིལ་ཁྱབ་ཁོངས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་ཟུར་བཀོལ་སྔོན་རྩིས། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨིན་ལེན་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨིན་ལེན་སྐུ་ཚབ་དོན་ཁང་གི་བོད་ཁང་ཐེབས་རྩའི་ཟུར་བཀོལ་སྔོན་རྩིས། ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨོ་སི་ཀྲོ་ལི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཟུར་བཀོལ་སྔོན་རྩིས། ཉི་འོང་སྐུ་ཚབ་དོན་ཁང་གི་རྒྱུན་གྲོན་བཅས་སྙན་སྒྲོན་གནང་རྗེས། གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

ཕྱི་དྲིལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁང་ཁག་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་དོགས་འདྲི་དང་། བགྲོ་གླེང་གི་ཆ་ཤས་བླངས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས་བྱང་ཨ་རིའི་ཁྱབ་ཁོངས་ཁེ་ན་ཌ་ཁུལ་ནས་བོད་མི་རྣམས་ཀྱིས་དང་བླངས་དཔྱ་དངུལ་འབུལ་ཕྱོགས་དང་། དེ་བཞིན་བྱང་ཨ་རིའི་ནང་དྲ་ལམ་བརྒྱུད་དཔྱ་དངུལ་འབུལ་རྒྱུའི་ལས་འཆར་ཞིག་འགྲོ་བཞིན་ཡོད་སྟབས། དེ་སྔའི་དཔྱ་དངུལ་འབུལ་ཕྱོགས་ཀྱི་ལམ་སྲོལ་དེ་ཡོད་མེད་སྐོར། བྱང་ཨ་རིའི་ཁུལ་གྱི་དང་བླངས་དཔྱ་དངུལ་འབུལ་མཁན་གྱི་གནས་བབ་སོགས་ཀྱི་ཐོག་དོགས་འདྲི་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་བྱང་ཨ་རིའི་ནང་དྲ་ལམ་བརྒྱུད་དཔྱ་དངུལ་འབུལ་རྒྱུའི་ལས་གཞི་ཞིག་འགྲོ་མུས་ཡིན་ཡང་སྔར་གྱི་དཔྱ་དངུལ་འབུལ་ཕྱོགས་ཀྱི་ལམ་སྲོལ་མུ་མཐུད་ཡོད་གནས་སྐོར་དང་། དང་བླངས་དཔྱ་དངུལ་འབུལ་རྒྱུ་ནི་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་ཡིན་པར་སོང་ཚང་མས་དུས་ཐོག་འབུལ་དགོས་པ་གལ་ཆེན་པོ་ཡིན་པ་སོགས་ལན་འདེབས་གནང་སོང་། གཞན་ཡང་བགྲོ་གླེང་ཐོག་གཉིས་སྨན་དབུ་མའི་ལམ་གྱི་ཟབ་སྦྱོང་གནང་དགོས་གལ་དང་། ཨ་རིའི་ཁུལ་ལ་བོད་མི་རྣམས་ཀྱིས་ལོ་མང་རིང་ལས་འགུལ་སྤེལ་བར་བརྟེན་ཁུང་ཙི་ལྟེ་གནས་ཁང་མང་པོ་སྒོ་བརྒྱབ་དགོས་བྱུང་བའི་སྐོར། རྒྱ་རིགས་མཉམ་དུ་འབྲེལ་བ་བྱས་ན་ཕན་ཐོགས་ཇི་ཡོད། སུད་སི་ནང་གི་དང་བླངས་དཔྱ་དངུལ་འབུལ་མཁན་གྱི་གནས་བབ། ཨོ་སི་ཀྲོ་ལི་ཡའི་ནང་བོད་མི་ཆབ་སྲིད་བཙོན་པ་དང་འབྲེལ་ཡོད་འབྲེལ་ཆགས་དམིགས་བསལ་གཞིས་སྤོས་ལས་གཞིའི་སྐོར་སོགས་དང་འབྲེལ་བའི་དོགས་འདྲི་ཕུལ་གནང་བར། དཔལ་ལྡན་སྲིད་སྐྱོང་དང་། ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །