བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གཉིས་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་མུ་མཐུད་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་འགོ་འཛུགས་ཤིང་། བགྲོ་གླེང་གི་ལས་རིམ་ཐོག་བཀུར་འོས་སྤྱི་འཐུས་ ༡༧ ཡིས་ཆ་ཤས་བླངས་ཡོད་པ་དང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་ནི་གདུང་སེམས་མཉམ་སྐྱེད་ངོ་མ་ཆགས་ཀྱི་ཡོད་སྐོར་དང་། བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཀྱི་ཁོར་ཡུག་བསྐྲུན་ཐབས་སླད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་དགོས་གནས།  བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་དགོས་པ། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་འཛམ་གླིང་ཁྱོན་ཡོངས་ལ་མི་རྒྱུ་གཉིས་ཀྱི་དཀའ་ངལ་བཟོས་ཡོད་པ་དང་། དེས་རྐྱེན་པས་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་གཞུང་ལ་མ་དགའ་བ་ཆགས་ཡོད་སྟབས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚང་མས་གོ་སྐབས་ལེན་དགོས་གལ་དང་།  དེ་བཞིན་ནད་ཡམས་དེས་རྐྱེན་པས་བོད་ནང་བོད་མི་ཇི་ཙམ་འདས་གྲོངས་སུ་ཕྱིན་ཡོད་མེད་སྐོར་ཤེས་ཐབས་བྱེད་དགོས་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གི་ཡིག་ཆ་ཨང་ ༡༩ པར་ཚང་མས་སློབ་སྦྱོང་གནང་ནས་གཞིས་བཞུགས་བོད་མིའི་མགྲིན་ཚབ་བྱེད་དགོས་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འཛམ་གླིང་ནང་དྲིལ་བསྒྲགས་དང་ཞུ་སྐུལ་སྔར་ལྷག་བྱེད་དགོས་གལ། རྒྱ་ནག་དམར་གཞུང་གིས་ཕྱི་ལོ ༡༩༨༥ ནས་འགོ་འཛུགས་ཏེ་བོད་ནང་གི་སློབ་ཕྲུག་རྒྱ་ནག་ནང་བསླུ་ཁྲིད་བྱས་ཏེ་བོད་ཀྱི་སྐད་ཡིག་དང་། མི་རིགས། རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པ། བོད་ནང་རྒྱ་དམར་གཞུང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་སོགས་བཙན་ཤེད་ཐོག་སློབ་ཁྲིད་བྱེད་བཅུག་གི་ཡོད་སྟབས་བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་ལོ་རྒྱུས་ཐོག་བོད་རང་དབང་རང་བཙན་རྒྱལ་ཁབ་ཡིན་པ་ཤེས་བཅུག་དགོས་པ། རྒྱ་ནག་དམར་གཞུང་གིས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་ཡོད་ཟེར་བའི་ཚོགས་འདུ་འཚོགས་འཆར་ཡོད་སྟབས་བཙན་བྱོལ་ནང་བོད་དོན་ལས་འགུལ་རྒྱ་ཆེ་སྤེལ་དགོས་པ།   བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞིས་བཞུགས་དཔའ་བོ་དཔའ་མོ་རྣམ་པའི་མངོན་འདོད་ཤེས་པའི་ཐོག་ནས་གདུང་སེམས་མཉམ་སྐྱེད་ཞུ་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་གནང་བ་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུ་བོད་མི་རྣམས་སེམས་ཤུགས་མ་ཆག་པར་སོ་སོ་བཞུགས་སའི་རྒྱལ་ཁབ་ནང་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྣ་ཚོགས་སྤེལ་བར་བསྔགས་བརྗོད་བཅས་གནང་སོང་།

དེ་རིང་གི་ལས་རིམ་གཉིས་པར། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་བཀུར་འོས་སྤྱི་འཐུས་ ༡༡ ཡིས་བགྲོ་གླེང་ཆ་ཤས་བླངས་ཡོད་ཅིང་། བགྲོ་གླེང་ནང་སྤྱི་འཐུས་རྣམ་པས་གཙོ་བོ་གཏན་འཇགས་མ་དངུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བུན་གཡར་ལས་གཞི། དང་བླངས་དཔྱ་དངུལ་སྐོར་དང་། བོད་མི་ཚང་མས་དང་བླངས་དཔྱ་དངུལ་འབུལ་དགོས་གལ་ཆེན་པོ་ཡིན་པ།  བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ནང་བོད་རང་གི་ཐུན་མོང་མ་ཡིན་པའི་རྩིས་རིག་གི་རྣམ་གཞག་ཐོག་གྲངས་གནས་བརྩི་སྲོལ་བེད་སྤྱོད་གཏོང་དགོས་གལ། བོད་པའི་སློབ་གྲྭའི་ནང་གི་དགེ་རྒན་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་པ། རྒྱ་གར་བྱང་ཤར་སོགས་མཐའ་མཚམས་ས་ཁུལ་ལ་དྲྭ་རྒྱའི་མཐུན་རྐྱེན་སོགས་མེད་སྟབས་སློབ་ཕྲུག་རྣམ་པའི་སློབ་སྦྱོང་ལ་འཐུས་ཤོར་མི་ཡོང་ཆེད་སློབ་ཕྲུག་རྣམ་པར་སློབ་དེབ་ཀྱི་མཐུན་རྐྱེན་སྤྲོད་དགོས་གལ་སོགས་ཀྱི་གནད་དོན་ཁག་ལ་དྲི་བ་དང་། དགོངས་ཚུལ་གསུངས་གནང་བར་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་འཕར་ཡོད་པའི་སྐོར་དང་། བྱང་ཨ་རིའི་ཁུལ་ལ་དྲྭ་རྒྱུ་བརྒྱུད་དང་བླངས་དཔྱ་དངུལ་འབུལ་རྒྱུའི་ལས་གཞི་ཞིག་འགྲོ་མུས་ཡིན་པ་སོགས་གསུངས་གནང་བ་དང་། དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ངེས་ཅན་འགྲོ་གྲོན་དང་། རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་བཅས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། ལྷོ་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་། ལ་དྭགས་བོད་མིའི་ཁྲིམས་ཞིབ་ཁང་། སྐོར་བསྐྱོད་ཁྲིམས་ཞིབ་ཁང་བཅས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། ས་གནས་འཐུས་མི་ཚོགས་འདུ་ཁག་ ༣༧ གྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་དང་། དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་ ༦༢ གྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་གནང་ཡོད་པ་དང་། སང་སྔ་དྲོ་མུ་མཐུད་བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །