བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཧྥེ་པའོ་མ་སི་མོ་ ཁ་སི་ཊལ་ཌོ་མཆོག

༄༅། །སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གི་སྣེ་འཁྲིད་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟབས་མཆོག སྤྱི་འཐུས་བློ་བཟང་གྲགས་པ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ ཉིན་ནས་འགོ་འཛུགས་ཏེ། ཡུ་རོབ་རྒྱལ་ཁབ་གསུམ་ལ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕ་རན་སི་རྒྱལ་ས་པེ་རི་སི་ཁུལ་ལ་བོད་དོན་ཞུ་སྐུལ་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་སྦེལ་ཇམ་རྒྱལ་ས་སྦར་སིལ་དུ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། གནད་ཡོད་མི་སྣ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། ས་གནས་བོད་རིགས་མི་མང་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་བཅས་གནང་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ས་བྷེལ་ སན་ཊོ་སི་མཆོག

དེ་ཡང་ཕྱི་ཚེས་ ༡༨ རེས་གཟའ་ཟླ་བའི་ཉིན་སྤྱི་འཐུས་རྣམ་པ་པེ་རི་སི་ (Paris) ནས་སྦེལ་ཇམ་རྒྱལ་ས་སྦར་སིལ་ (Brussels) ལ་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་སྦེལ་ཇམ་ས་གནས་ཨེན་ཊི་ཝར་པེན་ (Antwerpen) ལ་འབྱོར་གནང་བ་དང་། སྐབས་དེར་མེ་འཁོར་བབས་ཚུགས་སུ་སྦར་སིལ་དོན་གཅོད་ཀྱི་ལས་བྱེད་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་བུད་མེད་ཚོགས་པ། ས་གནས་མདོ་སྨད་ཚོགས་པ་དང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཀྱི་ཚོགས་གཙོ་ཡིས་གཙོས་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་བོད་མི་མང་པོས་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ས་བྷེལ་ སན་ཊོ་སི་མཆོག་དང་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ནུལ་ པི་ཛ་རོ་ མཆོག་རྣམ་གཉིས་ལྷན།

དེ་ཉིན་དགོང་དྲོ་ཆུ་ཚོད་ ༨ པའི་ཐོག་ས་གནས་བོད་རིགས་རྣམས་དང་མཇལ་འཕྲད་ཀྱིས་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཞིང་། སྐབས་དེར་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་ཀྱིས་ས་གནས་ཀྱི་གནས་སྟངས་དང་། ཚོགས་པའི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་ཞུས་གནང་རྗེས།  སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་དེའི་ལས་དོན་སྐོར་སོགས་གསུང་བཤད་དང་།

དེ་བཞིན་སྤྱི་འཐུས་རྣམ་པ་བཞིས་མི་མང་ནས་ཕུལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་མ་ཟད། བོད་དོན་བདེན་མཐའ་གསལ་ཆེད་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་ཤིན་ཏུ་གལ་ཆེ་བས་བོད་མི་ཡོད་དོ་ཅོག་གིས་རང་འགན་རང་འཁུར་ཐོག་བོད་མི་ནང་ཁུལ་ཆིག་སྒྲིལ་ཡོང་བར་འབད་བརྩོན་བྱེད་གལ་ཡིན་སྐོར་དང་། སོ་སོའི་གནས་སྡོད་ས་གནས་ཁག་གི་དཔོན་རིགས་དང་མི་མང་རྣམས་དང་ལྷན་མཐུན་ལམ་གང་ཐུབ་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་ཡོང་བར་ཞུ་སྐུལ་དང་འགྲེལ་བརྗོད་ཀྱིས་གཙོས་ཕྱག་ལས་གང་ཐུབ་གནང་གལ་ཡིན་སྐོར་ལམ་སྟོན་གནང་འདུག

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་སྤྱི་འཐུས་རྣམ་པས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT) གི་ལས་ཁུངས་སུ་འཚམས་གཟིགས་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་ད་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་ཐད་ས་གནས་སྲིད་གཞུང་ལ་ཞུ་སྐུལ་གནང་བ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་གློད་བཀྲོལ་ཡོང་ཐབས་དང་བོད་རིགས་ན་གཞོན་ཤེས་ཡོན་ཅན་གང་མང་གསོ་སྐྱོང་། ས་གནས་སུ་ཡོད་པའི་བོད་རིགས་རྣམས་ལ་ཕྱག་རོགས་གང་ཐུབ་ཀྱིས་གཙོས་ལས་དོན་ཅི་རིགས་ཐོག་རྒྱབ་སྐྱོར་དང་ཕྱག་ལས་གང་ལེགས་གནང་བར་ཡི་རངས་བསྔགས་བརྗོད་དང་། མ་འོངས་པར་མུ་མཐུད་བོད་དོན་ཐད་སྔར་ལྷག་འབད་བརྩོན་གནང་གལ་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། གཞན་ཡང་སྐབས་དེར་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ནས་ལས་ཁུངས་དང་ལས་དོན་སྙན་ཐོ་མདོར་བསྡུས་ཤིག་ངོ་སྤྲོད་གནང་བ་བཅས་སྤྱི་འཐུས་རྣམས་ལ་སྣེ་ལེན་གཟབ་རྒྱས་ཞུས་གནང་འདུག

སྦེལ་ཇམ་དབུས་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་སེ་མོལ་ ཁོ་གྷོ་ལ་ཊི་མཆོག

ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་སྤྱི་འཐུས་རྣམ་པས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཧྥེ་པའོ་ མ་སི་མོ་ ཁ་སི་ཊལ་ཌོ་ (Mr. Fabio Massimo Castaldo,Vice President of the European Parliament) མཆོག་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ས་བྷེལ་ སན་ཊོ་སི་ (Ms.Isabel Santos,Member of European Parliament for Portugal) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ནུལ་ པི་ཛ་རོ་ (Mr. Manuel Pizarro,Member of European Parliament) མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དང་ཉེ་བའི་ཆར་བྱུང་བའི་གལ་ཆེའི་གནད་དོན་སོགས་ཀྱི་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། དེའི་སྐབས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམ་པས་ཀྱང་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་སི་ པེག་ས་མཆོག

དེ་རྗེས་སྤྱི་འཐུས་རྣམ་པས་སྦེལ་ཇམ་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག ཆོས་དད་རང་མོས་སོགས་ལ་རྡོག་རོལ་ཇི་ལྟར་གཏོང་གི་ཡོད་པ་དང་། ཛ་དྲག་གི་གནས་སྟངས་དེའི་ཐོག་སྦེལ་ཇམ་གཞུང་མང་གཉིས་ནས་རྒྱབ་སྐྱོར་ཇི་ལྟར་གནང་དགོས་མིན་ཐད་བགྲོ་གླེང་ལྷུག་པོ་གནང་འདུག་པ་དང་། ཁོང་རྣམ་པས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་ཐུགས་ཕམ་ཡོད་པ་མ་ཟད། དེའི་ཐོག་གང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད་སྐོར་དང་། དེ་བཞིན་ཁོང་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་སྐོར་གསུངས་གནང་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཊིན་ ཧོར་ཝུ་ཌི་མཆོག

ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་འཚམས་གཟིགས་སུ་ཕེབས་པ་དང་། དེ་རྗེས་སྤྱི་འཐུས་རྣམ་པས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། ཉིན་རྒྱབ་སྤྱི་འཐུས་རྣམ་པས་སྦེལ་ཇམ་དབུས་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་སེ་མོལ་ཁོ་གྷོ་ལ་ཊི་ (MP Samuel Cogolati, Belgium) མཆོག་དང་།

སྦེལ་ཇམ་དབུས་གྲོས་ཚོགས་འོག་མིའི་འཐུས་མི་དང་ཕྱི་སྲིད་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་སེ་མོལ་ ཁོ་གྷོ་ལ་ཊི་མཆོག

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་སི་ པེག་ས་ (Mr. Mikulas Peksa,Member of the European Parliament for the Czech Republic) མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཊིན་ ཧོར་ཝུ་ཌི་ (Mr. Martin Horwood,Member of the European Parliament for South West England) མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་ཡིག་སོགས་ཕུལ་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་ཕམ་དང་མ་འོངས་པར་མུ་མཐུད་བོད་དོན་ཐད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས། །

སྦེལ་ཇམ་རྒྱལ་ས་སྦར་སིལ་དུ་ཕེབས་འབྱོར་སྐབས་ས་གནས་བོད་རིགས་མི་མང་ནས་སྣེ་ལེན་ཞུ་སྐབས།

ཡུ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ས་བྷེལ་ སན་ཊོ་སི་མཆོག་དང་ལྷན་བོད་དོན་སྐོར་གྲོས་བསྡུར་གནང་སྐབས།

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཀུ་ལ་སི་ པེག་ས་མཆོག་དང་ལྷན།

སྦར་སིལ་དོན་གཅོད་ལས་ཁུངས་སུ་གཟིགས་སྐོར་ཕེབས་སྐབས།