བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་བྷི་རི་སི་བྷེན་ནང་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ རེས་གཟའ་ཕུར་བུ་ཉིན་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཐེ་ཝན་བརྒྱུད་ཨོ་གླིང་གྲོང་ཁྱེར་བྷི་རི་སི་བྷེན་ (Brisbane) དུ་ཕེབས་ཐོན་གྱིས། ཕྱི་ཚེས་ ༨ ཉིན་བྷི་རི་སི་བྷེན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས། ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། བྷི་རི་སི་བྷེན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་གཙོས་རྒྱུན་ལས་ཁག་ཅིག་གིས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ལེ་རི་ས་ ཝ་ཊར་ས་མཆོག

དེ་ཉིན་ཆུ་ཚོད་ ༢།༠༠ ཐོག་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་དང་། ལྗང་ཁུ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ལེ་རི་ས་ ཝ་ཊར་ས་ (Senator Larissa Waters (Greens)) མཆོག་དང་མཇལ་འཕྲད་ཀྱིས། ད་ལྟའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འོག བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་ཇི་ལྟར་རྩ་མེད་གཏོང་བཞིན་པ། བོད་ནང་ཡོད་པའི་བོད་མི་རྣམས་ལ་འགྲོ་འདུག་དང་སྨྲ་བརྗོད་རང་དབང་མེད་པ། ཁོར་ཡུག་གཏོར་བཤིག འབྲོག་པ་གནས་སྤོས་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་སོགས་བོད་དོན་ཞུ་སྐུལ་དང་། དྲི་བ་གནང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། གཞན་ཡང་སྤྱི་འཐུས་རྣམ་པས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བ་དགྱེས་བཞེས་གནང་ཡོད་འདུག་པ་མ་ཟད། ལྕམ་སྐུ་ཁོང་གིས་མ་འོངས་པར་ཨོ་གླིང་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་འདུག

བྷི་རི་སི་བྷེན་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇཱོ་ན་དྷན་མཆོག

དེ་རྗེས་སྤྱི་འཐུས་རྣམ་པས་བྷི་རི་སི་བྷེན་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇཱོ་ན་དྷན་ (Jonathan Sri, Councillor for the Gabba) མཆོག་དང་མཇལ་འཕྲད་གནང་སྟེ། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་བས། ཁོང་གིས་བོད་དོན་ཐོག་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་ཐོབ་པ་དང་། དེ་བཞིན་ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེལ་ཁོ་ལམ་ རོ་བར་ཊི་ས་ (Senator Malcolm Roberts) མཆོག་གི་སློབ་སྟོན་པ་བགྲེས་པ་སྐུ་ཞབས་ཨེཇ་ ཁར་ཊར་ (H. Carter) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་གནང་ཡོད་པ་དང་། ཁོང་གིས་བོད་ཀྱི་གནད་དོན་མཁྱེན་རྟོགས་ཡོད་པ་མ་ཟད། མ་འོངས་པར་བོད་དོན་དང་འབྲེལ་བའི་ལས་དོན་ཐོག་ནུས་པ་གང་ཡོད་འདོན་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད་འདུག

ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེལ་ཁོ་ལམ་ རོ་བར་ཊི་ས་ མཆོག་གི་སློབ་སྟོན་པ་བགྲེས་པ་སྐུ་ཞབས་ཨེཇ་ ཁར་ཊར་མཆོག

ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སྤྱི་འཐུས་རྣམ་པ་ས་གནས་བྷི་རི་སི་བྷེན་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་གནང་བའི་ཚོགས་ཁང་དུ་བཅར་ཏེ། ས་གནས་བོད་རིགས་རྣམས་དང་མཇལ་འཕྲད་ཀྱིས་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཞིང་། སྐབས་དེར་ཐོག་མར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ས་གནས་ཀྱི་གནས་སྟངས་དང་། ཚོགས་པའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གནང་རྗེས། ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་རྒྱ་རིགས་འབྲེལ་མཐུད་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་རྣམ་པ་བཞིའི་ངོ་སྤྲོད་དང་འབྲེལ། ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་དགོས་པའི་དགོས་དམིགས་ངོ་སྤྲོད་གནང་རྗེས། སྤྱི་འཐུས་རྣམ་པ་བཞིས་བརྗོད་གཞི་ཆ་བགོས་གནང་བ་ལྟར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འབྱུང་རིམ་སྐོར་ངོ་སྤྲོད་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གིས་༧གོང་ས་མཆོག་གི་མཛད་འཕྲིན་སྐོར། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས། མི་མང་ནས་དྲི་བ་དང་བསམ་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག

སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བྷི་རི་སི་བྷེན་གྲོང་ཁྱེར་ཁུལ་གྱི་ལས་རིམ་མཇུག་བསྒྲིལ་རྗེས། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བྷི་རི་སི་བྷེན་ནས་མཁའ་ལམ་བརྒྱུད་མེལ་བྷོན་གྲོང་ཁྱེར་ (Melbourne) ལ་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་མེལ་བྷོན་གནམ་ཐང་དུ་འབྱོར་སྐབས། མེལ་བྷོན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རིན་ཆེན་ནོར་བུ་ལགས་ཀྱིས་གཙོས་པའི་རྒྱུན་ལས་ཁག་ཅིག་དང་། ས་གནས་མི་མང་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་དང་འབྲེལ། ཡ་རཱ་ཝིལ་ཚོགས་ཁང་དུ་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་རྣམ་པས་གོང་བཞིན་གསུང་བཤད་དང་། མི་མང་གིས་དྲི་བ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། དགོང་མོ་ཆུ་ཚོད་ ༩ ཙམ་ལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་བཞུགས་གནས་སུ་གོ་སྒྲིག་གནང་བ་ལྟར། སྤྱི་འཐུས་རྣམ་པ་དེར་འབྱོར་ནས་ཞག་སྡོད་གནང་ཡོད་འདུག་པ་བཅས། །