བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། ། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག སྤྱི་འཐུས་ངག་དབང་ཐར་པ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ པའི་ཚེས་ ༧ ནས་ ༡༧ བར་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་བྷི་རི་སི་བྷེན་ (Brisbane) དང་། མེལ་བྷོན།(Melbourne) ཀེན་བྷེ་ར།(Canberra)  སི་ཌི་ནི།(Sydney) བཅས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༥ ཉིན་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་བྷི་རི་སི་བྷེན་ལ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༨ ནས་ ༡༧ བར་གོང་གསལ་གྲོང་ཁྱེར་ཁག་ལ་མཛད་རིམ། ཕྱི་ཚེས་ ༡༧ ཉིན་ཨོ་སི་ཀྲོ་ལི་ཡ་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །