བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བདུན་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༠ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བདུན་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ལས་ཉིན་སྔོན་མའི་ལས་རིམ་འཕྲོས་མུ་མཐུད་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་ཡོད་པ་དང་། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཀྱི་བགྲོ་གླེང་ཐོག་ཁྱོན་བཀུར་འོས་སྤྱི་འཐུས་ ༣༤ ཡིས་ཆ་ཤས་ལེན་ཏེ། ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གི་བགྲོ་གླེང་མཇུག་སྒྲིལ་གནང་སོང་།

དེ་ནས་དཔལ་ལྡན་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨་་་༢༠༡༩ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། དེར་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་ཡོད། དེ་བཞིན་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་གྲུབ་མཚམས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་ཡོད་པ་དང་། བགྲོ་གླེང་ཐོག་སྤྱི་འཐུས་ ༡༤ ཡིས་ཆ་ཤས་ལེན་གནང་ཡོད།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨་་་༢༠༡༩ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་།

དེར་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་རྒྱབ་སྐྱོར་གནང་ཡོད། དེ་བཞིན་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་ནས་ལན་འདེབས་གསལ་བཤད་གནང་གྲུབ་མཚམས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་འགོ་འཛུགས་ཡོད་པ་དང་། སང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མུ་མཐུད་དེ་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་རྒྱ་གར་ཡུ་པི་མངའ་སྡེ་ནས་ཡིན་པའི་གསར་འགོད་པ་སྐུ་ཞབས་གྷོ་རབ་ བྷར་ཌི་ཝ་ཇ་ (Shri Gaurav Bhardwaj,Senior Reporter,Dainik Jagran,UP) ལགས་དང་།  ལྕམ་སྐུ་ཤ་ལོ་ ཤུག་ལ་ (Ms.Shaloo Shukla,Sub Editor cum Reporter,Hindustan Samachar,UP) ལགས། ལྕམ་སྐུ་སུ་ན་ལི་ ཐ་ཀུར་ (Ms.Sonali Thakur,Reporter,TV9 Bharatvarsh,UP) ལགས། ལྕམ་སྐུ་ཤ་ལུ་ ཨ་གྷར་ཝལ་ (Ms.Shalu Agrawal,Senior Journalist,Amar Ujala,Meerut,UP) ལགས། མདྱ་པྲ་དེཤ་ཡི་མངའ་སྡེ་ནས་ཡིན་པའི་གསར་འགོད་པ་སྐུ་ཞབས་ཤག་ཏི་ སིང་ པར་མར་ (Shri.Shakti Singh Parmar,Editor,Dainik Swadesh,Indore,Madhya Pradesh) ལགས། སྐུ་ཞབས་ནིལ་མིག་ ཅ་ཏུར་ཝི་ཌི་ (Shri.Neelmegh Chaturvedi,Freelance Journalist,Indore,Madhya Pradesh) ལགས་བཅས་དྲུག་དང་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་དང་། ད་ལྟའི་གྲོས་ཚོགས་ཀྱི་ལས་རིམ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། མང་གཙོའི་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་སྐོར་ངོ་སྤྲོད་སྙིང་བསྡུས་བཅས་གནང་རྗེས། ཁོང་རྣམས་ལ་ཧིན་དིའི་ཐོག་བསྒྱུར་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་ཕྱག་དེབ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་གནང་བའི་དཔེ་དེབ་ཁག་ཅིག་ཕུལ་གནང་བ་དང་། ཁོང་རྣམས་ནས་ཀྱང་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཕྱག་དེབ་ཁག་ཅིག་ཕུལ་གནང་སོང་། དེ་རྗེས་ཁོང་རྣམས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ནས་ཁོང་རྣམས་ལ་འཚམས་འདྲི་ཞུས་གནང་ཡོད་པ་བཅས། །