བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དྲུག་པ་ཚོགས་གནང་ཡོད།

དེ་ཡང་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཐོག དཔལ་ལས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཟུར་བཀོལ་སྔོན་རྩིས་དང་། ལས་བྱེད་གསོལ་ཚང་གི་དམིགས་བསལ་དང་ཟུར་བཀོལ་སྔོན་རྩིས་བཅས་ཀྱི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས། སྣེ་ལེན་འབྲེལ་མཐུད་ཁང་གི་དམིགས་བསལ་དང་ཟུར་བཀོལ་སྔོན་རྩིས་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་ནས་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཐོག་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། ལས་དོན་དང་འབྲེལ་བའི་དྲི་བ་བཏང་གནང་བ་ཁག་ལ་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ལན་འདེབས་གསལ་བཤད་དང་། རྩིས་དང་འབྲེལ་བའི་དྲི་བ་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས།

འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་ཐོག་བགྲོ་གླེང་གནང་འགོ་བཙུགས་ཡོད་པ་དང་། སང་སྔ་དྲོ་མུ་མཐུད་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །