བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་འཚམས་གཟིགས་དབུ་འཛུགས།

ཉེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་ཚོགས་མི་རྣམ་པ་མཛད་འཁུར་དམ་འབུལ་དང་། ཕྱི་ཚེས་ ༣༡ ཉིན་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་མཛད་འཁུར་དམ་འབུལ་བཅས་ལེགས་པར་ཟིན་ཏེ་སྤྱི་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་ ༣ བར་ཚོགས་གྲུབ་པ་དང་། རིང་མིན་ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ཚེས་ཤར་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༩ པའི་ཚེས་ཤར་ལ་མཇུག་སྒྲིལ་གནང་དགོས་རྒྱུ་དང་། ས་བགོས་སྡེ་ཚན་ ༡༩ ནང་སྤྱི་འཐུས་རྣམ་པ་གཉིས་རེ་ས་གནས་ཆ་བགོས་ཀྱིས་རྒྱ་བལ་འབྲུག་ཁུལ་ཀྱི་བོད་མིའི་གནས་ཡུལ་ཚང་མར་འཚམས་འདྲི་དང་འབྲེལ་བའི་མང་ཚོགས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་སྐོར། སྤྱི་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་སྐོར་ངོ་སྤྲོད་དང་འབྲེལ་བའི་སློབ་གསོ་ལམ་སྟོན་གནང་རྒྱུ་སོགས་ཀྱི་སླད་ཆེད་ཕེབས་གནང་རྒྱུ་ལྟར།

ད་ལྟའི་ཆར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་རྣམ་གཉིས་ ༢༠༡༦ ཟླ་ ༧ ཚེས་ ༡ ནས་རྒྱ་གར་བྱང་ཤར་ཁུལ་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་། ཨི་ཊཱ་ན་སྒར་བཅས་སུ་དང་། སྤྱི་འཐུས་རྒྱ་རིག་ཐར་མཆོག་དང་། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་ ༢༠༡༦ ཟླ་ ༧ ཚེས་ ༤ ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སྦེལ་ཀོབ་བདེ་སླར་དང་། ཅེ་ན་ཡི། སྤོན་ཌི་ཅ་རི། ར་མེ་ཤ་ཝ་རན། མ་དུ་རཱ་ཡི། ཏི་རུ་པ་ཏི། ཀན་ནི་ཡ་ཀུ་མ་རི། ཏིར་ཅི། ཀོ་ཅིན་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཐུག་གཏན་འཁེལ་ཡོད་པ་དང་། མི་རིང་བར་སྤྱི་འཐུས་རྣམ་པ་རིམ་པས་ས་བགོས་སྡེ་ཚན་ཁག་ཏུ་འཚམས་གཟིགས་ཕེབས་འཆར་ཡོད་པའི་གནས་ཚུལ་དུ།།