
༄༅། ། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༢༡ ནས་ ༢༢ བར་ཝཱ་ར་ཎ་སིར་ཉིན་གྲངས་གཉིས་རིང་གི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།

དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཟླ་ ༨ ཚེས་ ༢༡ ཉིན་གྷ་ཡ་ནས་མེ་འཁོར་བརྒྱུད་ཝཱ་ར་ཎ་སིར་ཕེབས་ཐོན་གྱིས་ས་གནས་མེ་འཁོར་འབབ་ཚུགས་སུ་ཕེབས་འབྱོར་སྐབས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་ཀྱིས་ཕེབས་བསུ་སྣེ་ལེན་དང་།

དེ་རྗེས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཐོན་གྱིས་དེ་གར་འབྱོར་མཚམས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམ་པ་དང་། སློབ་གཉེར་ཁང་གི་སློབ་ཕྲུག་བདེ་དོན་ལྷན་ཚོགས་དང་། ལྟོ་ཚང་ལྟ་རྟོག་ཚོགས་ཆུང་གི་ཚོགས་མི་རྣམ་པས་ཕེབས་བསུ་སྣེ་ལེན་ཞུས་འདུག

ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ཝཱ་ཎ་མཐོ་སློབ་ཀྱི་རིགས་བདག་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་དང་། རིགས་དྲུང་རྒན་གཞོན་གཉིས་བཅས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་མཐོ་སློབ་ཀྱི་སྤྱི་ཡོངས་གནས་སྟངས་སོགས་ལ་རྒྱུས་ལོན་དང་། དགོང་དྲོ་ཆུ་ཚོད་ ༧།༠༠ ནས་ ༩།༠༠ བར་ཨ་ཏི་ཤཱའི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་སུམ་བརྒྱ་ཡས་མས་ཙམ་ལ་གསུང་བཤད་དང་། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་མཐིལ་ཕྱིན་གནང་འདུག

ཕྱི་ཟླ་ ༨ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ནས་འགོ་བཙུགས་ཏེ། སྤྱི་འཐུས་རྣམ་པ་གཉིས་ནས་ཝཱ་ཎ་མཆོད་རྟེན་ལ་གནས་གཟིགས་དང་། དེ་རྗེས་བོད་དགོན་དང་། དར་ཐང་དགོན་པ། རྙིང་མ་དགོན་པ། བཀའ་བརྒྱུད་དགོན་པ། སྒྲོལ་མ་ལྷ་ཁང་བཅས་ལ་མཆོད་མཇལ་འཚམས་གཟིགས་གནང་བ་དང་།

ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་ཝཱ་ཎ་མཐོ་སློབ་ཀྱི་དཔེ་མཛོད་ཁང་དང་། ཉམས་ཞིབ་སྡེ་ཚན། གསོ་བ་རིག་པའི་སྡེ་ཚན་བཅས་ལ་འཚམས་གཟིགས་བཅས་གནང་སྟེ། ཐེངས་འདིའི་ཝཱ་ར་ཎ་སི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས།
