བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ་འོས་འདེམས།

IMG_0771
སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐབས་ ༡༦ པའི་ཚོགས་གཙོའི་དམ་འབུལ་ཞུས་བཞིན་པ།
IMG_0785
སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐབས་ ༡༦ པའི་ཚོགས་གཙོ་གཞོན་པའི་དམ་འབུལ་ཞུས་བཞིན་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཕྱེད་ཡོལ་ཚོུད་ ༢།༠༠ ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་ལྟར་འོས་བསྡུ་ལས་ཁང་གི་གཙོ་སྐྱོང་འོག་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་ཚོགས་གཙོ་འོས་བསྡུ་གནང་དོན་བཞིན་སྔོན་འགྲོའི་འོས་ཁོངས་ནས་འོས་ཤོག་མང་རིམ་རྩེ་བཏོགས་ཀྱིས་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ལ་འོས་གྲངས་ ༢༧ སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་འོས་གྲངས་ ༢༣ སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་འོས་གྲངས་ ༢༠ ཡོད་པ་ལྟར་ཁོང་གསུམ་དངོས་གཞིའི་འོས་གཞིར་འཇོག་གནང་གིས་འོས་འཕེན་སྐབས་སྤྱི་འཐུས་པདྨ་འབྱུང་གནས་མཆོག་ལ་འོས་གྲངས་ ༢༡ དང་། དེ་བཞིན་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་འོས་གྲངས་ ༢༡ ཐོབ་སྟེ་འོས་གྲངས་འདྲ་མཉམ་དང་། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་འོས་གྲངས་ ༢ བཅས་བྱུང་བ་བཞིན། དེ་རྗེས་སྒྲིག་གཞི་དགོངས་དོན་ལྟར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ལ་སླར་ཡང་འོས་འཕེན་ཐེངས་ ༢ རིམ་བསྟུད་བྱས་པར་འོས་གྲངས་ ༢༢ རེ་འདྲ་མཉམ་ཐོན་པས་སླར་ཡང་འོས་འཕེན་ཐོག་ནས་ཐག་གཅོད་ཡོང་རེ་མ་མངོན་པར་འོས་བསྡུའི་འགན་འཛིན་གྱི་དགོངས་འཆར་གནང་གསལ་ཚོགས་གཙོའི་འོས་མི་གཉིས་ཀར་སྤྱིར་བཏང་མང་གཙོའི་འགྲོ་སྲོལ་དང་། སྐབས་ ༡༤ པའི་སྤྱི་འཐུས་སྐབས་སུའང་ཚོགས་གཙོ་འོས་ཐོན་འདྲ་མཉམ་བྱུང་བ་གཉིས་ཀྱིས་ལོ་གཉིས་དང་ཕྱེད་རེ་ཐུགས་འགན་བཞེས་གནང་མཛད་ཡོད་པ་ལྟར། སྤྱི་འཐུས་རྣམ་པས་མོས་མཐུན་ཐག་གཅོད་ཇི་གནང་ལྟར་གནང་འཐུས་དགོངས་འཆར་གསུངས་པ་བཞིན། སྤྱི་འཐུས་རྣམ་པའི་ནང་མོལ་ཚོགས་འདུའི་སྐབས་དགོངས་འཆར་དེར་སྤྱི་མོས་ཀྱི་མོས་མཐུན་གནང་སྟེ། མཐའ་དོན་ཚོགས་གཙོའི་འོས་ཐོབ་འདྲ་མཉམ་གཉིས་ནས་ཚོགས་གཙོའི་འགན་འཁུར་ལོ་གཉིས་དང་ཕྱེད་རེ་རིམ་བཞིན་གནང་རྒྱུ་དང་། དེ་ཡང་ཐོག་མར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ བར་ཚོགས་གཙོའི་འགན་འཁུར་གནང་སྟེ་ལས་ཡུན་རྫོགས་ཉིད་ནས་མཚམས་འཇོག་དགོས་པ་དང་།     དེ་རྗེས་སྤྱི་འཐུས་པདྨ་འབྱུང་གནས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༩ བར་འོས་བསྡུ་མ་དགོས་པར་ཚོགས་གཙོའི་ལས་འཁུར་དམ་འབུལ་གྱིས་མཇུག་སྐྱོང་གནང་རྒྱུ།

     འོན་ཀྱང་ཚོགས་གཙོ་གནང་བཞིན་པ་སུ་རུང་གི་ལས་འཁུར་གནང་མཚམས་འཇོག་དགོས་བྱུང་ཚེ་གཅིག་ཤོས་ནས་ལོ་གཉིས་དང་ཕྱེད་རིང་ལས་འཁུར་མཇུག་སྐྱོང་དང་། དེ་རྗེས་ཚོགས་གཙོ་གསར་འདེམས་གནང་དགོས་རྒྱུ་བཅས་ཐག་གཅོད་བྱུང་ཡོད་པ་དང་། དེ་རྗེས་མུ་མཐུད་ཚོགས་གཙོ་གཞོན་པ་འོས་འདེམས་ཀྱིས་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བདམས་ཐོན་བྱུང་བ་བཅས་དབུས་འོས་བསྡུའི་འགན་འཛིན་མཆོག་གིས་གསལ་བསྒྲགས་གནང་བའི་གནས་ཚུལ་དུ།།

IMG_0797
དམ་འབུལ་སྐབས་སྲིད་སྐྱོང་དང་ལྷན་དུ་བཞུགས་གནང་བ།
IMG_0808
བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་རྣམ་པ་དང་ཚང་མ་ལྷན་འཛོམས་གནང་བཞིན་པ།