བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ པ་དབུ་འཛུགས་ཀྱི་ཚོགས་གཙོའི་གསུང་བཤད།

speakerparliament

 

སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མ་ལ་ཚོགས་གཙོའི་ངོས་ནས་འཚམས་འདྲི་དང་སྦྲགས་ད་རེས་སྤྱི་འཐུས་རེ་ཟུང་ཞིག་སྐུ་གཟུགས་གསལ་ཐང་མེད་པ་མ་གཏོགས་གཞན་ཚང་མ་བདེ་ཐང་གི་ཐོག་ནས་གྲོས་ཚོགས་ལ་བཅར་བར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་རེས་གྲོས་ཚོགས་ཚོགས་དུས་ ༡༠ འདི་ཕྱི་ཟླ་དགུ་པའི་གྲོས་ཚོགས་རེད། འདིའི་ནང་ལ་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འདས་པའི་ལོ་གཅིག་ནང་ལ་ཕྱག་ལས་གནང་བའི་ལས་བསྡོམས་ཐོག་ལ་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་དང་། དེའི་ཐོག་ལ་བགྲོ་གླེང་གནང་རྒྱུ། དེ་དག་གི་ཐོག་ལ་དུས་ཚོད་མང་བ་གཏོང་དགོས་ཀྱི་ཡོད་རེད། དེ་མིན་ད་དུང་ཡང་བོད་ནང་དུ་ཛ་དྲག་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཚོགས་གཙོས་ཞིབ་ཕྲ་ཞུ་མ་དགོས་པ་དང་། ཉེ་ལམ་ཕྱི་ཟླ་ ༩ པའི་ཚེས་ ༢ ཀྱི་མང་གཙོའི་དུས་ཆེན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་ལ་ཆ་ཚང་བཀོད་ཡོད་རེད། ད་ལྟའི་གྲོས་ཚོགས་འདིའི་ལས་རིམ་དང་པོ་དེ་བོད་ནང་དུ་ཛ་དྲག་གི་གནས་སྟངས་གང་འདྲར་ལྷག་ཡོད་མེད་དང་། ཕྱི་ཟླ་ ༣ པ་ནས་ ༩ པ་བར་དུ་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་གྱིི་གནས་སྟངས་ཆ་ཚང་ཞིག་ལ་ང་ཚོས་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བརྒྱུད་ནས་ཡོང་རྒྱུ་རེད། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་ཕྱི་ལོ་ ༢༠༠༨ ནས་ད་ལྟའི་བར་དུ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་འཁྱེར་ཡོང་གི་ཡོད་རེད། to upload 1ད་རེས་གྲོས་ཚོགས་ཀྱི་ནང་ལའང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡོད་རེད། རྒྱ་ནག་ནང་ལ་ཡང་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད། ལྷག་པར་དུ། དཔལ་འབྱོར་གྱི་གནས་སྟངས་ཀྱི་ཐོག་ནས་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་། དེས་རྐྱེན་པས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་སྲིད་པ་རེད་དམ། ཆབ་སྲིད་ལ་ཡང་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་སྲིད་པ་རེད་དམ། དེ་ཚོ་ལ་ང་ཚོས་ཞིབ་ཚགས་པོ་བྱས་ཏེ་ལྟ་དགོས་པ་དེ་གནད་འགག་གཅིག་ཆགས་བསྡད་ཡོད་པ་རེད།

ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ལ་ཡང་ཚོགས་ཆུང་ཁག་གཅིག་གི་སྙན་ཐོ་ཕེབས་རྒྱུ་རེད། ལྷག་པར་དུ། ཤེས་ཡོན་ཀྱི་ཐོག་ལ་ཚོགས་ཆུང་བཙུགས་ཡོད་པ་དེས་ལོ་གཅིག་ནང་དུ་དུས་ཚོད་ཧ་ཅང་གི་མང་པོ་ཞིག་བཏང་སྟེ་སྙན་ཐོ་དེ་རིང་གི་ལས་ཉིན་དང་པོའི་ནང་ཕེབས་རྒྱུ་ཡིན་པ་དང་། དེ་བཞིན་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་འབྲེལ་བ་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་གི་སྙན་ཐོ་ཡང་ཕེབས་རྒྱུ་རེད། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཚོས་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་ནས་སྒྲིག་གཞི་འཆར་ཟིན་བསྐྱར་སློག་ཟིན་དེ་སླར་ཡང་གྲོས་ཚོགས་འདིར་ཕེབས་རྒྱུ་ཆགས་ཡོད་རེད། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དྲུག་པའི་སྙན་ཐོ་གྲོས་ཚོགས་ནང་དུ་སྙན་སྒྲོན་ཞུས་ཟིན་པ། དེའི་རྗེས་ལ་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་གནང་བ། མཇུག་སྐྱོང་གནང་བའི་ཐོག་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་ཕྲ་གཟིགས་ཞིབ་གནང་ནས། དེའི་སྙན་ཐོ་དེ་ཡང་དེ་རིང་གྲོས་ཚོགས་འདིར་ཕེབས་ཀྱི་རེད།

དེས་མ་ཟད་ད་རེས་ཀྱི་གྲོས་ཚོགས་འདིའི་ནང་ལ་འཛིན་སྐྱོང་བཀའ་ཤག་གིས་ཡིག་ཐོག་ནས་གསལ་བཤད་ཅིག་ཀྱང་ཕེབས་ཀྱི་ཡོད་པ་རེད། དེ་བཞིན་སྒྲིག་གཞི་བསྐྱར་བཅོས་ཁག་གཅིག་ཕེབས་རྒྱུ་རེད། དེ་དག་ཚང་མ་སྤྱི་འཐུས་རྣམ་པ་ཚོར་ཡིག་ཆ་སྔོན་དུ་བཀྲམས་ཟིན་པ་ལྟར་ཐུགས་ཞིབ་ཡག་པོ་ཞིག་གནང་ནས། གྲོས་ཚོགས་ནང་དུ་བགྲོ་གླེང་གནང་བའི་སྐབས་སུ་ཐུགས་འགན་ཆེ་བཞེས་ཀྱི་ཐོག་ནས་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

ད་ལྟ་འོས་བསྡུའི་ལས་རིམ་འགྲོ་བཞིན་པ་རེད། དེ་འདྲ་ཡིན་དུས་གྲོས་ཚོགས་ནང་དུ་བཀའ་མོལ་གསུང་སྟངས་དང་རྣམ་དཔྱོད་འདོན་སྟངས་སོགས་དེ་ཚོའི་ཐད་ལ་ཕྲན་བུའི་ཁྱད་པར་འགྲོ་མི་སྲིད་པ་མ་རེད། ཡིན་ནའང་ཚང་མས་ཐུགས་གཟབ་གནང་ནས། སྤྱི་པ་དང་སྒྲིག་འཛུགས། རྩ་དོན་ལ་བསམས་ནས་གྲོས་ཚོགས་ཀྱི་ནང་ལ་སོ་སོ་སོ་སོས་ཆ་ཤས་བཞེས་པའི་སྐབས་ལ་དེ་རྩ་ཆེས་ཤོས་སུ་དགོངས་པར་བཅངས་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་ཞུ་རྒྱུ་དང་། དེ་མིན་སྐབས་རེ་ང་ཚོར་བར་ཆད་འཕྲད་ཀྱི་ཡོད་རེད། ད་བར་དུ་གྲོས་ཚོགས་ཀྱི་འགྲོ་སྟངས་དང་གང་སྤྱིའི་ཐད་ལ་ཡག་ཐག་ཆོད་བྱུང་ཡོད་རེད། ད་རེས་ཀྱི་གྲོས་ཚོགས་འདིའི་ནང་དུའང་དེ་སྔ་མཐུན་འགྱུར་གནང་བ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་ཡིན་པ་ཡིན་ནའང་རེད། རྒྱ་ཆེ་ས་ལ་དགོངས་ནས་གྲོས་ཚོགས་ལ་བར་ཆད་མི་ཡོང་བའི་ཆེད་དུ་མཐུན་འགྱུར་གནང་རོགས་གནང་ཞེས་ཞུ་བཞིན་ཡོད།

ད་རེས་གྲོས་ཚོགས་འདིའི་ནང་དུ་རྩ་བའི་སྐུ་གཟུགས་མི་བདེ་བ་ཡོད་ནའང་། ཆེད་མངགས་གྲོས་ཚོགས་སུ་བཅར་ཏེ་འགན་འཁྱེར་ནས་ཕེབས་མཁན་ཡང་ཡོད་པ་རེད། སྤྱི་འཐུས་རྣམ་པ་གཉིས་ད་རེས་ཀྱི་གྲོས་ཚོགས་ཆ་ཚང་དགོངས་པ་ཞུས་གནང་བ་རེད། སྤྱི་འཐུས་གཅིག་ད་ལྟ་གཞུང་དོན་ཕྱོགས་སྐྱོད་དུ་ཕེབས་བཞིན་པ་མ་གཏོགས། གྲོས་ཚོགས་འདིར་སྤྱི་འཐུས་ཚང་མ་ཕེབས་འདུག དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་གིན་གོང་དུ་འབོད་སྐུལ་ཞུས་པ་བཞིན་གྲོས་ཚོགས་ཚགས་ཚུད་པོ་དང་། ལས་དོན་ཡག་པོ་འགྲུབ་རྒྱུའི་ཆེད་དུ་ཚང་མས་མཐུན་རྒྱུར་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང།