བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་དང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་རྣམ་གཉིས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕྱོགས་ཕེབས་གནང་བ།

 

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༦ ཉིན་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་རྡ་ས་དང་། ཚེས་ ༡༧ ཉིན་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ལ་དྭགས་ནས་ཆེད་ཕེབས་ཀྱིས། ཚེས་ ༡༧ ཉིན་ལྡི་ལི་ནས་མེ་འཁོར་བརྒྱུད། ཕྱི་ཚེས་ ༡༨ ཀྱི་སྔ་དྲོ་ཨོ་རི་སར་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕེབས་འབྱོར་ཐོག ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་འཐུས་རྣམ་པ། ས་གནས་འགོ་འཛིན་ལས་ཁང་གི་འགོ་འཛིན་དང་ལས་དྲུང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བསུ་ལེན་དང་འབྲེལ། ཕྱི་ཚེས་ ༡༩ ཉིན་གཞིས་མཉམ་གཉིས་ཀྱི་ལས་ཁང་དང།  shopས་འཐུས་དང་རང་བདེན་ཚོགས་ཆུང་གི་ལས་ཁང་བཅས་སུ་གཟིགས་སྐོར་དང། དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། འབྲེལ་ཡོད་ས་འཐུས་དང་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ། གཞིས་མཉམ་གཉིས་དང་སྨན་རྩིས་ཁང། སྨན་ལྷ་སྨན་ཁང་གི་ལས་བྱེད། གཞིས་གྲོང་ཁག་ལྔའི་སྤྱི་མི་དང་ས་ཁང་ཚོགས་མི། ཕ་མའི་འཐུས་མི་བཅས་ཀྱི་མི་སྣ་ ༥༠ ལྷག་ལྷན་འཛོམས་ཐོག་འབྲེལ་ཡོད་སོ་སོས་བདེ་སྡུག་གི་དཀའ་བསེལ་དང་འབྲེལ་བའི་རེ་འདུན་དང་བསམ་ཚུལ་ལྷུག་པོར་ཞུས་ཡོད། ཉིན་རྒྱབ་གཞིས་གྲོང་དང་པོ་དང། བདེ་ཆེན་ཆོས་འཕེལ་གླིང་དགོན་པ། རྒས་གསོ་ཁང། མཉམ་འབྲེལ་འཐུང་ཆུའི་ལས་གཞི། ཐུག་པ་བཟོ་གྲྭ་བཅས་སུ་རྟོག་ཞིབ་གནང་།

ཕྱི་ཚེས་ ༢༠ སྔ་དྲོ་གཞིས་གྲོང་ ༥ པ་དང་ཨོ་རྒྱན་ཐེག་མཆོག་གླིང་དགོན་པ། Gompaགཞིས་ལས་ཁང་གི་ཁོར་ཡུག་གཙང་བཟོའི་ལས་གཞི། ལ་རྒྱབ་མཉམ་འབྲེལ་ཤིང་འབྲས་སྡེ་ཚན། གཞིས་གྲོང་ ༤ པ། རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་བཅས་སུ་བསྐོར་ཞིབ་གནང་།

ཕྱི་ཚེས་ ༢༡ ས་གནས་ཀྱི་ཉིན་སློབ་ཏུ་བསྐོར་ཞིབ་དང་སློབ་ཕྲུག་རྣམས་ལ་སྤྱི་འཐུས་རྣམ་གཉིས་ཀྱིས་བཀའ་སློབ་གསུང་བཤད་དང་། བོད་རིགས་དགེ་རྒན་རྣམས་ཀྱིས་བསམ་ཚུལ་ཞུས་པར་ལན་འདེབས་གནང་བ་དང་། སྐྲ་བཟོ་ཁང་དང། ཡན་ལག་སྨན་རྩིས་ཁང། སྨན་ལྷ་སྨན་ཁང། མཉམ་འབྲེལ་རུམ་བཟོ་དང་སྤོས་བཟོ། ཚོང་ཁང། རྩམ་འཐག བུ་བཅོལ་ཁང། འཕྲུལ་རྨོས་སྡེ་ཚན། དེ་བཞིན་བདུད་འདུལ་རབ་བརྟན་གླིང་དགོན་པ་དང། ནམ་མཁའ་ཁྱུང་རྫོང་དགོན་གཉིས་བཅས་སུ་སྐོར་ཞིབ་དང་འབྲེལ་ལས་ཀྱི་སྣེ་མོ་བ་ཚོ་དང་མཉམ་དུ་བཀའ་བསྡུར་གནང་།

ཕྱི་ཚེས་ ༢༢ ཉིན་གཞིས་ལས་ཚོགས་ཁང་ཆེན་མོར་མི་མང་ ༣༠༠ ཙམ་འདུ་འཛོམས་ཐོག་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་མི་མང་གི་དཀའ་གནད་གསུམ་དང་འབྲེལ་གསུང་བཤད་གནང་བ་རྗེས། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང། རྒྱལ་སྤྱིའི་ཐོག་བོད་དོན་གནས་སྟངས་སོགས་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་ནས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་དང་སྤྱི་ཡོངས་བོད་ཀྱི་གནད་དོན། དབུ་མའི་ལམ་གྱི་དགོངས་དོན་སོགས་ཀྱི་སྐོར་གསུང་བཤད་གནང་ནས། ད་ཐེངས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་ཕྱོགས་ཕེབས་ཀྱི་ལས་རིམ་ཡོངས་སུ་གྲུབ་སྟེ། ཕྱི་ཚེས་ ༢༣ གཞིས་སྒར་ནས་གྱེས་ཐོན་གྱིས་མེ་འཁོར་བརྒྱུད་ཕྱི་ཚེས་ ༢༤ ཉིན་ལྡི་ལི་དང་། ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་རྡ་སར་ཕྱིར་ཕེབས་ཐོག ས་གནས་སུ་ལན་འདེབས་དང་ཐག་གཅོད་ཇི་གནང་། མང་ཚོགས་ནས་དཀའ་ངལ་ཇི་ཞུས་རྣམས་འབྲེལ་ཆགས་ལས་ཁུངས་དབྱེ་འབྱེད་ཀྱིས་ལས་བསྡོམས་སྤྱི་ལྷན་ལ་ཕུལ་གནང་བ་བཅས་ཀྱི་གནས་བསྡུས་སུ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡ ལ། །