བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ཚོགས་མི་འཕོ་འགྱུར་གནང་བ།

༄༅། །བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༥ པའི་གྲོས་ཆོད་ཨང་ ༢༠༡༨།༡༦།༥།༢༦ དང་། ཡིག་ཆ་ཨང་ ༢༦ པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་། ༡༢༡ དགོངས་དོན་བཞིན་ཚོགས་གཙོ་སྦྲེལ་པོས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དགུ་པའི་མི་འགྲོར། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་བཅས་བསྐོ་གཞག་གནང་ཡོད་པ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༨ ཉིན་རྒྱབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་དང་། དྲུང་ཆེ་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་བཅས་སུ་སྤྱི་མོས་ཀྱིས་ཐུགས་གཏན་འཁེལ་གནང་བ་དང་། ཕྱི་ཚེས་ ༡༡ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཚོགས་ཆུང་གི་ཚོགས་མི་རྣམས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས་དངོས་སུ་ལས་དོན་དབུ་བཙུགས་གནང་ཡོད།

དེ་ཡང་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་གིས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་རྣམ་གཉིས་ལ་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ཉིན་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་ནས་དགོངས་འཁྲོལ་ཡོང་བ་ཞུས་དོན་བཞིན་དགོངས་པ་བསྩལ་བ་དང་། གོང་གསལ་ཚོགས་མི་གཞན་བཞི་རྣམས་རང་འཇགས་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་ཚོགས་མིར་བསྐོ་གཞག་བསྩལ་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སྔ་དྲོ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་ཚོགས་ཆུང་གི་ཚོགས་གཙོར་སྤྱི་མོས་ཀྱིས་ཐུགས་གཏན་འཁེལ་གནང་ཡོད་པ་བཅས། །