བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཁེ་ན་ཌའི་གྲོང་ཁྱེར་ཁག་གསུམ་ནང་ས་གནས་བོད་རིགས་མི་མང་དང་གྲོས་ཚོགས་འཐུས་མི་བཅས་མཇལ་འཕྲད་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཁེ་ན་ཌའི་གྲོང་ཁྱེར་ཁག་ཅིག་ལ་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་བོད་དོན་ཞུ་སྐུལ་ཆེད་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་མཆོག་བཅས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་ལས་ཁུངས་ནང་དྭང་བླངས་གནང་མཁན་གྱི་བོད་རིགས་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་རིགས་ལས་བྱེད་རྣམ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་ལུགས་དང་། བོད་མི་མང་སྤྱི་འཐུས་འོས་འདེམས་ཇི་ལྟར་གནང་ཕྱོགས། དེ་བཞིན་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་ནས་རྒྱུན་ལྡན་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་དྲི་བ་ཕུལ་བར་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་ཉིན་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྤྱི་འཐུས་རྣམ་པས་ཨོ་ཊ་ཝའི་ནང་གི་གནས་སྡོད་བོད་མི་རྣམས་དང་མཇལ་འཕྲད་གནང་བ་དང་། དེའི་སྐབས་སྤྱི་འཐུས་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་བོད་མིའི་སྐོར་དང་ཁོང་རྣམས་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་བཅངས་པའི་ལྷག་བསམ། དེ་བཞིན་ས་གནས་བོད་རིགས་རྣམས་ནས་འདས་པའི་ཉིན་ཤས་རིང་ཨོ་ཊ་ཝའི་ནང་བོད་དོན་ཞུ་སྐུལ་གནང་སྐབས་སེམས་ཤུགས་ཆེན་པའི་ཐོག་མཐུན་འགྱུར་གང་ལེགས་གནང་བ་དང་། མ་འོངས་པར་དེ་ལྟར་མུ་མཐུད་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་འདུག

རྒྱལ་ས་ཨོ་ཊ་ཝའི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པ་ཁེ་ན་ཌའི་གྲོང་ཁྱེར་མོནྜ་རེལ་ལ་ཕེབས་ཐོན་གནང་བ་དང་། ས་གནས་སུ་འབྱོར་སྐབས་མོནྜ་རེལ་ས་གནས་བོད་རིགས་ཚོགས་པས་སྣེ་ལེན་གནང་ཡོད་པ་དང་། ཕྱི་དྲོ་མོནྜ་རེལ་ས་གནས་བོད་རིགས་རྣམས་ལ་གསུང་བཤད་དང་མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གནང་འདུག

ཕྱི་ཚེས་ ༡༦ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་མོནྜ་རེལ་གྲོང་ཁྱེར་ནས་ཊོ་རོན་ཊོ་གྲོང་ཁྱེར་ནང་ཕེབས་ཐོན་གནང་བ་དང་། ས་གནས་སུ་འབྱོར་མཚམས་ཨོན་ཊེ་རིའོ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་གླང་དཀར་ལགས་ཀྱིས་གཙོས་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པས་སྣེ་ལེན་གཟབ་རྒྱས་ཞུས་གནང་བ་དང་། ཕྱི་དྲོ་ས་གནས་བོད་རིགས་རྣམས་དང་མཇལ་འཕྲད་གནང་ཡོད་འདུག སྐབས་དེར་ཐོག་མར་ཨོན་ཊེ་རིའོ་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོས་འཚམས་འདྲིའི་གསུང་བཤད་གནང་འདུག་པ་དང་། དེ་ནས་སྤྱི་འཐུས་རྣམ་པས་གསུང་བཤད་དང་། མི་མང་གི་དྲི་བར་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་ཡོད་འདུག

ཁེ་ན་ཌའི་གྲོང་ཁྱེར་མོནྜ་རེལ་དང་། ཊོ་རོན་ཊོ་གཉིས་ནང་ས་གནས་བོད་རིགས་རྣམས་དང་མཇལ་འཕྲད་སྐབས། སྤྱི་འཐུས་རྣམ་པས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས། བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་འདུག

ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (James Maloney) མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཞབས་ཁོང་ནས་བོད་ཀྱི་འཐབ་རྩོད་དང་ས་གནས་བོད་རིགས་རྣམས་ལ་རྒྱབ་སྐྱོར་གང་ཐུབ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་གནང་ཡོད་འདུག

དེ་བཞིན་གཟའ་མཇུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ནས་གོ་སྒྲིག་ཞུས་པའི་མཛད་སྒོའི་ཐོག་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ཆེད་ཕེབས་གནང་བ་དང་། དེའི་སྐབས་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྐུ་ཚབ་ཚོགས་ཆུང་གི་ཚབ་ཞུས་ཏེ་དགེ་རྒན་དང་། ཕ་མ། སློབ་ཕྲུག་བཅས་ལ་བཀའ་སློབ་གནང་འདུག་པ་དང་། དེ་རྗེས་སྤྱི་འཐུས་རྣམ་པ་སློབ་གྲྭའི་ནང་གཟིགས་བསྐོར་ཕེབས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །