བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ “རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ།” ཞེས་པའི་དཔེ་དེབ་ཅིག་འགྲེམས་སྤེལ་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་རྒྱ་ཨིན་གསུམ་ཐོག་ཡོད་པའི་ཕྱི་ལོ་ ༢༠༠༩།༠༢།༢༧ ནས་ ༢༠༡༨།༣།༧ བར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་པ་གྲངས་ ༡༥༢ བྱུང་བ་རྣམས་ཀྱི་མཚན་དང་ལོ་དུས་དང་། ཁོང་རྣམས་ཀྱིས་བཞག་པའི་ཞལ་ཆེམས་ཕྱོགས་བསྡུས། རྒྱ་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དང་དེའི་རྗེས་འབྲས། བོད་ཀྱི་རིག་གཞུང་རྩ་གཏོར། བོད་ཀྱི་ཁོར་ཡུག་གཏོར་བཅོམ། དྲག་གནོན་འོག་གི་ཞི་རྒོལ། རྒྱ་དམག་གིས་བོད་མིར་དྲག་གནོན། རྒྱ་གཞུང་གིས་བོད་ཐོག་དམག་གྲབས་བཅས་འཁོད་པའི་ “རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ།” ཞེས་པའི་དཔེ་དེབ་ཅིག་དཔར་བསྐྲུན་གནང་སྟེ་འགྲེམས་སྤེལ་ཞུས་གནང་ཡོད།

དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་པ་ནས་བཟུང། བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མ་ཟད། བོད་མི་རྣམས་ཀྱི་མངོན་འདོད་གང་ཡིན་ལ་བསམ་གཞིགས་གཏན་ནས་མ་བྱས་པར། དེ་ལས་ལྡོག་ཏེ་དྲག་ཆས་དམག་དཔུང་མངགས་ཏེ་དྲག་གནོན་ཚད་ལས་བརྒལ་བ་བྱས་སྟབས། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་། དེ་ནས་བཟུང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་ཨ་མདོ་རྔ་བར་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་བཅས་ཀྱི་བར་དུ་གནས་ཚུལ་དངོས་སུ་ཤེས་རྟོགས་ར་འཕྲོད་བྱུང་བ་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་མི་གྲངས་ ༡༥༢ ཀྱིས་བོད་ནང་དུ་རང་ལུས་མེར་བསྲེགས་གནང་ནས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་གདུག་རྩུབ་ཆེ་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད།

རང་ལུས་མེར་བསྲེགས་གནང་མཁན་རྣམས་ནས་རྒན་ཤོས་ལོ་ན་ ༦༤ དང་། ཆུང་ཤོས་ལོ་ན་ ༡༥ ཡིན་པ་དང་། ཁོང་རྣམས་ནི་བླ་མ་དང་དགེ་འདུན་པ། བཙུན་མ། ཞིང་པ། འབྲོག་པ། སློབ་ཕྲུག་སོགས་ཡིན་ལ། རྒྱལ་གཅེས་པ་ཁོང་རྣམ་པའི་སྐུ་ལུས་ལ་མེ་འབར་བཞིན་པའི་སྐབས་སུའང་  “༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས།” ཞེས་སོགས་སྐད་འབོད་གནང་བ་བཅས་ནི། རྒྱ་གཞུང་གིས་བོད་ཀྱི་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་འབའ་ཞིག་གནང་བ་ཡིན་པ་གསལ་པོ་རེད། ཡིན་ན་ཡང་། རྒྱ་གཞུང་གིས་བོད་ཀྱི་རྒྱལ་གཅེས་པ་ཁོང་རྣམ་པས་རང་ལུས་མེར་བསྲེགས་གནང་དོན་ཐད་འགྲེལ་བརྗོད་ལོག་པ་བྱས་དང་བྱེད་བཞིན་པ་དང་། བོད་ནང་དྲག་པོའི་དམག་དཔུང་མངགས་ནས་དྲག་ཤུགས་ཀྱིས་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པ་ཙམ་དུ་མ་ཟད། རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ནང་མི་དང་། འབྲེལ་ཡོད་མི་སྣ། ས་གནས་ཡུལ་མི་བཅས་ལ་དོན་མེད་སྙོན་འཛུགས་བྱས་ནས་འཛིན་བཟུང་བཙོན་བཅུག་བྱས་ཏེ་རྡུང་རྡེག་མནར་གཅོད་བཏང་དང་གཏོང་བཞིན་ཡོད།

དེས་ན་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་གི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་གཙོ་བོར་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ནི། བོད་མི་རྣམས་ཀྱིས་དུས་ནམ་ཡང་བརྗེད་ཐབས་མེད་པར་བརྟེན། གུས་བརྩི་དང་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རིམ་པའི་ནང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་རིམ་པར་བཞག་ནས་རྗེས་དྲན་ཞུས་ཡོད་ལ། དེ་བཞིན་ང་ཚོས་རྒྱལ་གཅེས་པ་ཚོའི་མགྲིན་ཚབ་བྱས་ཏེ་རྒྱལ་སྤྱིའི་ཐོག་ཁོང་རྣམ་པའི་ལོ་རྒྱུས་བརྒྱུད་བསྒྲགས་བྱ་རྒྱུ་ནི་ལྡོག་ཐབས་མེད་པའི་འོས་འགན་ཞིག་ཡིན་སྟབས། དེ་སྔ་ཕྱི་ལོ་ ༢༠༡༢ ལོར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༠༩ ནས་ ༢༠༡༢།༨།༢༧ བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༥༡ བྱུང་བ་རྣམས་ཀྱི་པར་རིགས་དང་གནད་དོན་སོགས་འཁོད་པའི་དཔེ་དེབ་ “ཚེ་སྲོག་གི་འབོད་སྒྲ།” ཞེས་པ་ཞིག་པར་འདེབས་ཞུས་གནང་ཡོད་པ་དང་། ད་རེས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༠༩།༢།༢༧ ནས་ ༢༠༡༨།༣།༧ བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༥༢ བྱུང་བ་རྣམས་ཀྱི་པར་རིགས་དང་། དེ་བཞིན་བོད་ནང་རྒྱ་གཞུང་གིས་སྲིད་བྱུས་ལག་བསྟར་ཇི་བྱས་འཁོད་པའི་ “རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ།” ཞེས་པའི་དཔེ་དེབ་དཔར་བསྐྲུན་གནང་སྟེ་འགྲེམས་སྤེལ་ཞུས་གནང་ཡོད་པ་བཅས། །