བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སུད་སི་གྲོས་ཚོགས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

༄༅། ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ཚེས་ ༡༡ ནས་ཡུ་རོབ་རྒྱལ་ཁབ་ཁག་ནང་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་དང་། བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༦ ཉིན་ཕ་རན་སི་རང་དབང་གསར་ཤོག་གི་གསར་འགོད་པས་བུད་མེད་ལེ་ཚན་ཐོག་བོད་ཀྱི་གནས་སྟངས་དང་འབྲེལ་བའི་སྐོར་ལ་བཅར་འདྲིར་དང་ལེན་གནང་བ་དང་། དེ་བཞིན་ཕ་རན་སི་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་བོད་ཀྱི་ཁོར་ཡུག་དང་ཆོས་དད་རང་དབང་། ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ལ་བཅར་འདྲི་གནང་བར་ལན་འདེབས་གསལ་བཤད་གནང་ཡོད།

དེ་ནས་ཕ་རན་སི་གྲོས་ཚོགས་འོག་མའི་གཞུང་འཛིན་ཚོགས་པའི་ཚོགས་མི་ཀྲུ་ཀྲུ་པིས་ཀ་ལ་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་པ་དང་། དེ་ཉིན་དགོང་དྲོ་སྤྱི་འཐུས་རྣམ་པ་བཞི་དང་། སྐུ་ཚབ་དོན་ཁང་གི་འབྲེལ་མཐུད་པ། སྦེལ་ཇམ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དང་ཚོགས་མི་རྣམས་ནས་ (Conflans-Sainte-Honorine) དུ་ཕེབས་ཏེ་བོད་མི་རྣམས་ཀྱི་གནས་སྟངས་རྒྱུས་ལོན་གནང་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཕ་རན་སི་སྤྱི་ཚོགས་ནང་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་མཁན། ཉམས་ཞིབ་པ། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་གཞོན་དང་ཚོགས་མི་བཅས་གནད་ཡོད་མི་སྣ་ ༡༣ དང་ལྷན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་གོ་བསྡུར་ལྷུག་པོ་གནང་ཡོད།

ཕ་རན་སི་རྒྱལ་ཁབ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་མཚམས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་སུད་སི་གྲོང་ཁྱེར་ཛུ་རིག་ལ་ཕེབས་ཐོན་གྱིས་དགོང་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་ས་གནས་སུ་འབྱོར་སྐབས། སུད་སི་སྐུ་ཚབ་དོན་གཅོད་དང་། སུད་སི་བོད་རིགས་ཚོགས་པ་བཅས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་གནང་འདུག

ཕྱི་ཚེས་ ༡༨ ཉིན་ནས་སུད་སི་ནང་གི་མཛད་རིམ་ཁག་དབུ་འཛུགས་ཀྱིས་ཐོག་མར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་འཐུས་མི་རྣམས་དང་། ས་གནས་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ། ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། དེ་ནས་ཕྱི་དྲོ་སུད་སི་བོད་རིགས་མི་མང་སྒྲིག་འཛུགས་ནས་གོ་སྒྲིག་གནང་བའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་བཞིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་ནས་བོད་ཀྱི་སྒྱུ་རྩལ་བ་བློ་བརྟན་རྣམ་གླིང་ལགས་ཀྱིས་མགྲོན་འབོད་གནང་བ་བཞིན་སྤྱི་འཐུས་རྣམ་པ་བཞི་ཕོ་རོག་དཀར་པོ་བོད་ཀྱི་རོལ་དབྱངས་འདུ་འཛོམས་ཐོག་ཆེད་ཕེབས་གནང་ཡོད།

ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་མཆོག་དང་མཇལ་འཕྲད་ཀྱིས་ཁོང་ལ་འཚམས་འདྲི་གནང་བ་དང་། དེ་ནས་རི་ཀོན་ཆོས་འཁོར་དགོན་པ་དང་། རི་ཀོན་ས་གནས་བོད་ཡིག་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་སུ་ཕེབས་གནང་ཡོད། དེ་བཞིན་ཕྱི་དྲོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་རྣམ་གཉིས་ནས་ཨར་གྷོ་ས་གནས་བོད་ཡིག་གཟའ་མཇུག་སློབ་གྲྭར་ཆེད་ཕེབས་ཀྱིས་བོད་ཀྱི་སྐད་ཡིག་གལ་ཆེའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། ཆབས་ཅིག་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ངག་དབང་ཐར་པ་མཆོག་རྣམ་གཉིས་ནས་ལུ་ཛིན་ས་གནས་ཀྱི་བོད་ཡིག་གཟའ་མཇུག་སློབ་གྲྭར་ཆེད་ཕེབས་གནང་སྟེ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་དགོས་པའི་སྐོར་ལ་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཛུ་རིག་གྲོང་ཁྱེར་ནས་སུད་སིའི་རྒྱལ་ས་བྷན་ལ་ཕེབས་ཐོན་གནང་སྟེ་སུད་སི་གྲོས་ཚོགས་འཐུས་མི་གསུམ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་གྲུབ་རྗེས་སུད་སི་ནས་སྦེལ་ཇམ་རྒྱལ་ས་སྦེར་སིལ་ཕྱོགས་ལ་ཕེབས་ཐོན་གནང་བ་བཅས་ཀྱི་གནས་ཚུལ་དུ། །