བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་རིག་གཞུང་སྡེ་ཚན་གྱི་འགན་འཛིན་དང་མངའ་སྡེ་ཁག་གསུམ་ཙམ་གྱི་སྐུ་ཚབ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༦ ཚེས་ ༡༩ ཉིན་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(Rashitriya Swayamsewak Sangh)ཡི་རིག་གཞུང་སྡེ་ཚན་གྱི་འགན་འཛིན་དང་མངའ་སྡེ་ཁག་གསུམ་ཙམ་གྱི་སྐུ་ཚབ་རྣམ་པ། གཞན་རྡ་ས་ཁུལ་གྱི་ཚོགས་པའི་འབྲེལ་མཐུད་པ་བཅས་ཚོགས་པའི་ལས་དོན་དང་འབྲེལ་བའི་ཐོག་རྡ་ས་བཞུགས་སྒར་དུ་ཕེབས་ཐོག་བཙན་བྱོལ་བོད་མིའི་བསྟི་གནས་ཁང་དུའང་ལས་འཆར་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕྱི་དྲོ་ཕྱག་ཚོད་ ༤།༠༠ ཙམ་ལ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྣེ་ལེན་མཇལ་འཕྲད་གནང་བ་དང་།

ཁོང་རྣམས་ནས་ཚོགས་པའི་ལས་དོན་ངོ་སྤྲོད་སྙིང་བསྡུས་ཤིག་འགྲེལ་བརྗོད་གནང་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟ་བཙན་བྱོལ་ནང་གི་གནས་བབ། ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས། བོད་རྒྱའི་འབྲེལ་ལམ་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་དང་།  དེ་བཞིན་འཕགས་བོད་གཉིས་ཀྱི་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་གང་ཡོད་ཐོག་རེ་རེ་བཞིན་འགྲེལ་བཤད་གནང་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་ཁོང་རྣམ་པའི་ཐུགས་ཞིབ་ཆེད་འབུལ་གནང་མཛད། དེ་རྗེས་སྐུ་མགྲོན་རྣམ་པ་གྲོས་ཚོགས་སུ་གཟིགས་བསྐོར་དུ་ཕེབས་སྐབས་ཁོང་རྣམས་ནས་བོད་ཀྱི་གནད་དོན་ཐོག་ཤེས་རྟོགས་བྱུང་བར་དགའ་ཚོར་ཆེན་པོའི་ཐོག་འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་ཐུགས་ཁུར་ཆེ་བཞེས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་གནང་རྒྱུ་དང་། ལྷག་པར་བོད་ཀྱི་ཆོས་དང་། རིག་གཞུང་ཐོག་དམིགས་བསལ་གོ་སྒྲིག་དང་མི་སྣ་གདན་ཞུ་གནང་རྒྱུའི་ཞལ་བཞེས་བཟང་པོ་གནང་བ་བཅས་ཀྱི་གནས་ཚུལ་དུ།།