བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་(PEN International) ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Jennifer Clement མཆོག་དང་། འགན་འཛིན་སྐུ་ཞབས་ Carles Torner མཆོག་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༥ ཚེས་ ༣ ཉིན་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ (PEN International) ཡི་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Jennifer Clement མཆོག་དང་འགན་འཛིན་སྐུ་ཞབས་ Carles Torner མཆོག་རྣམ་གཉིས་བོད་ཀྱི་ PEN ཚོགས་པ་བརྒྱུད་སྔ་དྲོ་ཕྱག་ཚོད་ ༡༡།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྣེ་ལེན་མཇལ་འཕྲད་གནང་བ་དང་།  དེ་རྗེས་ཕན་ཚུན་ཆུ་ཚོད་གཅིག་ཙམ་རིང་དགོངས་ཚུལ་བརྗེ་ལེན་གནང་བས། སྐུ་ཞབས་ཁོང་གིས་མ་འོངས་པར་བོད་ཀྱི་རིག་གཞུང། སྐད་ཡིག་སོགས་རྒྱལ་སྤྱིའི་ནང་སྔར་ལྷག་དོ་སྣང་སླེབས་ཐབས་དང་། བོད་ནང་སྐད་ཡིག ལེགས་བྱང་། རིག་གནས་སོགས་ཀྱི་ཐོག་རང་དབང་མེད་པ་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་བྱེད་གལ་ཆེ་བ་སོགས་ཀྱི་ལམ་སྟོན་གནང་།  དེ་བཞིན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་པས་ད་ལྟ་བར་དུ་བོད་ཀྱི་པེན་རྩོམ་པ་པོའི་ཚོགས་པ་བརྒྱུད་བོད་ཀྱི་སྐད་ཡིག ལེགས་བྱང་། རིག་གནས་བཅས་ཀྱི་ཐོག་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་གིས་བོད་ཀྱི་འདས་དང་ད་ལྟ་མ་འོངས་བཅས་གསུམ་གྱི་གནས་སྟངས་ཐོག་འགྲེལ་བཤད་གནང་བ་དང་། མ་འོངས་པར་མཁས་པའི་བགྲོ་གླེང་དང་། བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ལས་དོན་གང་ཅིར་རྒྱབ་སྐྱོར་གནང་བའི་རེ་བ་ཞུས་པ་དང་སྦྲགས་ཁོང་རྣམས་ལ་འཚམས་འདྲིའི་ཕྱག་རྟགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔེ་དེབ་ཁག་ཅིག་འབུལ་གནང་མཛད། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་དང་སྐུ་མགྲོན་རྣམ་པ་གྲོས་ཚོགས་སུ་གཟིགས་སྐོར་ལ་ཕེབས་པ་བཅས་ཀྱི་གནས་ཚུལ་དུ།།