བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཨོ་སི་ཀྲོ་ལི་ཡའི་ཡི་ཤུའི་ཆོས་ལུགས་མཐུན་སྒྲིལ་གྱི་འབྲེལ་མཐུད་པ་སྐུ་ཞབས་ Bill Crews མཆོག་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ ༤ ཚེས་ ༢༠ ཉིན་ཨོ་སི་ཀྲོ་ལི་ཡའི་ཡི་ཤུའི་ཆོས་ལུགས་མཐུན་སྒྲིལ་གྱི་འབྲེལ་མཐུད་པ་སྐུ་ཞབས་ Bill Crews མཆོག་ཕྱི་དྲོ་ཕྱག་ཚོད་ ༢།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྣེ་ལེན་མཇལ་འཕྲད་གནང་བ་དང་།  དེ་རྗེས་ཁོང་ལ་འཚམས་འདྲིའི་ཕྱག་རྟགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔེ་དེབ་ཁག་ཅིག་འབུལ་གནང་མཛད། ཁོང་ཉེ་ཆར་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་དང་། དུས་རྒྱུན་ནས་༸གོང་ས་མཆོག་ལ་དད་པ་ཡོད་མཁན་ཞིག་དང་མཛའ་ལྡན་ཅན་ཞིག་ཀྱང་ཡིན། ལྷག་པར་དུ་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པས། དཔལ་ལྡན་ཚོགས་གཞོན་མཆོག་ནས་ཁོང་ལ་ཨོ་སི་ཀྲོ་ལི་ཡ་ཙམ་མ་ཡིན་པར་དེའི་ཉེ་འཁོར་རྒྱལ་ཁབ་ནེའི་ཛི་ལེན་ཏྲི་དང་ཨིན་རྡུ་ནི་ཤིས་ཡ་བཅས་ཀྱི་ནང་ལའང་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་མཛད་པའི་གནས་ཚུལ་དུ།།