༄༅། །སྐུ་ཞབས་རེག་སི་ཊི་ལར་སན་ Rex Tillerson མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གནང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༩ ཉིན་ཁོང་ལ་དགའ་བསུའི་འཚམས་འཕྲིན་ཞིག་ཕུལ་འདུག་པ་དེའི་ནང་འཁོད་དོན།

སྐུ་ཉིད་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་བསུ་ཞུ་རྒྱུ་ཡིན།  ཨ་རི་ནི་ཁྲིམས་ལུགས་དབང་སྒྱུར་གཙོ་བཟུང་ཐོག་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ཡིན་སྟབས་གཞིས་ལུས་བོད་མི་ཚོས་རེ་བ་ཆེན་པོ་བཅོལ་བཞིན་ཡོད།

སྐུ་ཉིད་མཆོག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རོགས་ཞུ་རྒྱུ་མ་ཟད།   འཚེ་མེད་ཞི་བའི་ཐོག་ནས་དོན་སྙིང་ལྡན་པའི་གྲོས་མོལ་ཞིག་བྱུང་ཐུབ་པ་ཡིན་ན།  བོད་ཀྱི་གནད་དོན་གསལ་ཐུབ་རྒྱུ་ཙམ་མ་ཟད།   ཡུན་གནས་ཐུབ་པ་ཞིག་ཀྱང་ཡོང་རྒྱུ་ཡིན་པར་བརྟེན་གྲོས་མོལ་ལ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།

སྐུ་ཉིད་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།  ངོ་མ་དེ་དབྱིན་ཡིན་ནང་ཡོད།