བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བརྒྱད་པའི་ལས་དོན་དབུ་འཛུགས་ཞུས་པ།

[envira-gallery id=”13514″]བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༢ པའི་གྲོས་ཆོད་ཨང་ ༢༠༡༦།༡༦།༢།༤༥ དང་། ཡིག་ཆ་ཨང་ ༤༥ པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༡༢༠ དང་། ༡༢༡ དགོངས་དོན་བཞིན་ཚོགས་གཙོ་སྦྲེལ་པོས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བརྒྱད་པའི་མི་འགྲོར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་རྒྱ་རི་ཐར་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག སྤྱི་འཐུས་དགེ་བ་ཚང་ངག་དབང་ཐར་པ་མཆོག་བཅས་ལ་བསྐོ་གཞག་གནང་ཡོད་པས། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། དྲུང་ཆེ་སྤྱི་འཐུས་རྒྱ་རི་ཐར་མཆོག་བཅས་སྤྱི་མོས་ཀྱིས་ཐུགས་གཏན་འཁེལ་འདུག་པ་དང་། ཐོག་མར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ལ་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་ཏེ་ད་རིང་ནས་ལས་དོན་དབུ་འཛུགས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།